Degé Kangyur volume 45, F.313.a

ཚེ། །​དེ་བཞིན་གཤེགས་པ་ལྷ་ཡི་པད་མ་ལ། །​ཆུར་བ་དག་ནི་དབུལ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་པད་མའི་འོད་ཟེར་བྲམ་ཟེ་ཡི། །​རྒྱ་མཚོའི་བུ་ཚེ་བདེ་གཤེགས་ཀུན་གཟིགས་ལ། །​ཧི་དིམ་བ་ར་དག་ནི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་བརྟུལ་ཞུགས་བཟང་པོ་སྣོད་སྤྱད་མཁན་གྱི་ཚེ། །​དེ་བཞིན་གཤེགས་པ་ཟླ་བའི་འོད་ལྡན་དེ་ལ་ནི། །​འབྲས་དྲུས་སྙིམ་པ་གང་དག་དབུལ་བ་བྱས་ནས་ཀྱང་། །​དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྒྲོན་རྒྱལ་བཅའ་བ་མཁན་གྱི་ཚེ། །​དེ་བཞིན་གཤེགས་པ་བཀོད་པའི་ཚོགས་ཅན་ལ། །​སྣུམ་ཁུར་དག་ནི་དབུལ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་གློག་གི་ཏོག་ནི་དེད་དཔོན་ཚེ། །​དེ་བཞིན་གཤེགས་པ་དོན་ནི་དགོངས་པ་ལ། །​ན་བཟའ་ཕྲུགས་གཅིག་ཅིག་ནི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་འོད་ཟེར་རྒྱལ་པོ་རྫ་མཁན་ཚེ། །​དེ་བཞིན་གཤེགས་པ་མཚན་གྱི་རྒྱལ་པོ་ལ། །​ཁྲུས་རྐྱེན་བུམ་པ་དག་ནི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་སྐར་མཁན་ཚལ་གྱི་ལས་བྱེད་ཚེ། །​དེ་བཞིན་གཤེགས་པ་པད་མའི་ཞལ་དེ་ལ། །​ལོ་མའི་གདིང་བ་དག་ནི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་གྲགས་རྫོགས་ནོར་བུ་འཚོང་བའི་ཚེ། །​དེ་བཞིན་གཤེགས་པ་སྙན་པར་དགོངས་དེ་ལ། །རིན་པོ་ཆེ་ཡི་བླ་རེ་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་པད་སྙིང་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་ཚེ། །​དེ་བཞིན་གཤེགས་པ་ལྗོན་པའི་རྒྱལ་མཚན་དེ་ལ་ནི། །​དྲི་བསུང་ལྡན་པའི་སྐྱེད་མོས་ཚལ་དག་ཕུལ་ནས་ཀྱང་། །​དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་རྒྱལ་ནི་འཁོར་ལོས་སྒྱུར་བའི་ཚེ། །​དེ་བཞིན་གཤེགས་པ་འོད་དག་དེ་ལ་ནི། །​རིན་ཆེན་གདུགས་ནི་བྱེ་བ་སྟོང་སྙེད་ཕུལ། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་སྤྱན་མཛེས་གྲོང་དཔོན་བུ་མོའི་ཚེ། །​དེ་བཞིན་གཤེགས་པ་སེང་གེའི་མཐུ་རྩལ་ལ། །​མེ་ལོང་དང་ནི་བླ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14479#UT22084-045-001-14479