Degé Kangyur volume 45, F.314.a
བཅོམ་ལྡན་དེ་ཡི་སེན་མོ་བཅད་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྩི་སྨན་ཆེན་པོ་ཐགས་མཁན་ཚེ། །དེ་བཞིན་གཤེགས་པ་ཡིད་གཉིས་རྣམ་གནོན་ལ། །རས་ཀྱི་ཁ་ཚར་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྒྱུ་སྐར་རྒྱལ་པོ་ཚོང་འདུས་པ་ཡི་ཚེ། །དེ་བཞིན་གཤེགས་པ་དོན་ནི་ལེགས་པར་དགོངས་དེ་ལ། །བུམ་པ་མར་གྱིས་བཀང་བ་དག་ནི་ཕུལ་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྨན་པའི་རྒྱལ་པོ་ཚོང་དཔོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་ལྷུན་པོ་ཆེན་པོ་དེ་ལ་ནི། །ལྷ་ཡི་ཁང་བཟངས་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བསོད་ནམས་གླང་པོ་འབྲུ་མར་གྱི། །མཁན་ཚེ་དེ་བཞིན་གཤེགས་པ་འཕགས་དུལ་ལ། །ཞབས་བསྐུ་བ་དག་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གཅོད་མཛད་སྨད་འཚོང་བུ་མོའི་ཚེ། །དེ་བཞིན་གཤེགས་པ་མཁས་པ་གསལ་དེ་ལ། །མེ་ལོང་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྣམ་གྲགས་རྒྱལ་པོའི་ཁྲུས་པ་ཡི། །ཁྱེའུ་ཚེ་བདེ་གཤེགས་བསྡུ་བའི་བློ་མངའ་ལ། །འདག་པའི་ཆལ་དག་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཉི་མའི་འོད་ཟེར་དགེ་སློང་དབྱར་གནས་པའི། །རིམ་གྲོ་པ་ཚེ་དེ་བཞིན་གཤེགས་པ་དབྱངས་སྙན་པ། །དེ་ལ་ཁྲུས་ཆུ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཆོས་མཛོད་དཀའ་ཐུབ་ཅན་གྱི་ཚེ། །དེ་བཞིན་གཤེགས་པ་མཐུ་ཆེན་གནས་སུ་ཕྱིན་པ་ལ། །མཚན་མོ་མར་མེ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བློ་གྲོས་བཟང་པོ་སྨན་པའི་ཚེ། །དེ་བཞིན་གཤེགས་པ་སེང་གེའི་ང་རོ་ལ། །ཨ་རུ་ར་དག་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་དབང་མཚུངས་རྩྭ་ཐུན་ཚེ། །དེ་བཞིན་གཤེགས་པ་ཀུན་ཏུ་རིན་ཆེན་ལ། །བྷད་ཏྲ་ཀ་རི་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14481#UT22084-045-001-14481