Degé Kangyur volume 95, F.241.a

རྒྱབ་ཏུ་ཞོན་ན་མཐོ་རིས་སུ་ཡང་འཁྱེར་བར་བྱེད་དོ། །​ལོ་སྟོང་ཕྲག་བཅུར་འཚོའོ། །​ཆུ་བོའི་འགྲམ་དུ་སོང་སྟེ་སྤོས་དཀར་པོས་དཀྱིལ་འཁོར་བྱས་ནས་མེ་ཏོག་དཀར་པོ་བྱིན་ཏེ། དུ་རུ་སྐས་བདུགས་ལ་སྟོང་ཕྲག་བཅུ་བཟླས་ན་འགྲུབ་པར་འགྱུར་རོ། །​མཚན་མོ་ཡང་སྟོང་བཟླས་ན་ངེས་པར་འོང་ངོ་། །​འོངས་པ་ལ་མེ་ཏོག་གི་ཆུའི་ཡོན་ཆབ་བྱིན་ནས་བསྒོ་ན་སྲིང་མོར་འགྱུར་རོ། །​དངུལ་ཆུ་དང་། བཅུད་ཀྱིས་ལེན་དང་། རྫས་ཀྱི་དངོས་གྲུབ་སྟེར་ཞིང་དཔག་ཚད་སྟོང་དུ་སོང་ནས་བུད་མེད་བཟང་མོ་བླངས་ནས་སྟེར་བར་བྱེད་ཅིང་མཚན་མོ་སླར་འཁྱེར་རོ། །​ལྷ་ཁང་སྟོང་པར་སོང་ནས་ཇི་ལྟར་གསུངས་པའི་གཏོར་མ་དང་མཆོད་པ་བྱས་ཏེ་སྟོང་ཕྲག་བརྒྱད་དུ་བཟླས་ན་འགྲུབ་པར་འགྱུར་རོ། །​མཚན་མོ་ཡང་གཏོར་མ་བྱིན་ནས་སྟོང་ཕྲག་བརྒྱད་བཟླས་ན་ངེས་པར་འོང་ངོ་། །​འོངས་པ་ལ་འདོད་པ་བྱས་ན་ཆུང་མར་འགྱུར་ཏེ། ཉི་མ་རེ་རེ་དོང་ཙེ་སྟོང་སྟོང་སྟེར་ཞིང་རྒྱབ་ཏུ་ཞོན་ན་རི་རབ་ལ་ཡང་ཁྱེར་བར་བྱེད་དོ། །​གཞན་ཡང་རྒྱལ་སྲིད་སྦྱིན་པར་བྱེད་ཅིང་རྒྱལ་པོའི་བུ་མོ་བཀུག་ནས་སྟེར་ཏེ། ལོ་སྟོང་ཕྲག་ལྔ་འཚོ་ཞིང་ཤི་ནས་ཀྱང་རྒྱལ་རིགས་སུ་སྐྱེའོ། །​ཆུ་བོ་འདུས་པའི་འགྲམ་དུ་སོང་སྟེ། ཤའི་བཟའ་བ་དང་ཀ་ར་བཱི་རའི་མེ་ཏོག་སྦྱིན་ཞིང་གུ་གུལ་གྱི་དུད་པས་བདུགས་ལ་སྟོང་ཕྲག་བརྒྱད་བཟླས་ན་འགྲུབ་པར་འགྱུར་རོ། །​མཚན་མོ་ཡང་མཆོད་པ་རྒྱས་པར་བྱས་ཏེ་མར་གྱི་མར་མེ་རབ་ཏུ་སྤར་ནས་སྟོང་ཕྲག་བརྒྱད་བཟླས་ན་འཁོར་ལྔ་བརྒྱས་ཡོངས་སུ་བསྐོར་ནས་རྐང་གདུབ་ཀྱི་སྒྲ་ཆེན་པོས་འོང་ངོ་། །​འོངས་པ་ལ་མི་སྨྲ་བར་གྱུར་པས་འདོད་པར་བྱ་སྟེ་ཆུང་མར་འགྱུར་རོ། །​གལ་ཏེ་སྤང་བར་བྱས་ན་འཆི་བར་འགྱུར་རོ། །​རྒྱབ་ཏུ་ཞོན་ན་ཉི་མ་རེ་རེ་མཐོ་རིས་སུ་ཡང་ཁྱེར་བར་བྱེད་དོ། །​གཞན་ཡང་རྒྱལ་སྲིད་སྟེར་ཞིང་ལོ་སྟོང་ཕྲག་ལྔ་འཚོ་ལ་ཤི་ནས་ཀྱང་རྒྱལ་རིགས་སུ་སྐྱེའོ། །​ཆུ་བོའི་འགྲམ་དུ་སོང་སྟེ། གུ་གུལ་གྱིས་དཀྱིལ་འཁོར་བྱས་ནས་ཨ་ག་རུའི་བདུག་པ་སྦྱིན་ཞིང་ཇི་ལྟར་གསུངས་པའི་གཏོར་མ་བྱིན་ནས་སྟོང་ཕྲག་བརྒྱད་བཟླས་ན་འགྲུབ་པར་འགྱུར་རོ། །​མཚན་མོ་ཡང་མཆོད་པ་རྒྱས་པར་བྱས་ཏེ་སྟོང་བཟླས་ན་རང་ཉིད་འོང་སྟེ་སྣང་བ་ཆེན་པོ་བྱས་ནས་ཙནྡན་གྱི་ཆུས་མཆོད་ཡོན་བྱིན་ན་དགའ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh747.html?part=UT22084-095-002-2059#UT22084-095-002-2059