Degé Kangyur volume 95, F.238.a

༄༅༅། །​རྒྱ་གར་སྐད་དུ། བྷུ་ཏ་ཌཱ་མ་ར་མ་ཧཱ་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། འབྱུང་པོ་འདུལ་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །​དེ་ནས་འདིར་ནི་བཤད་བྱ་བ། །​འབྱུང་པོ་འདུལ་བའི་རྒྱུད་ཆེན་རྒྱལ། །​འབྱུང་པོ་འབྱུང་མོ་ཀུན་བསྒྲུབ་པའི། ཆོ་ག་རབ་ཏུ་རྒྱས་པའོ། །​རྡོ་རྗེ་འཆང་ཆེན་པོ་འཇིག་རྟེན་གསུམ་གྱི་བདག་པོས་འདི་སྐད་ཅེས་གསུངས་སོ། །​ཆུ་བོའི་འགྲམ་དང་། དུར་ཁྲོད་དང་། ཤིང་གཅིག་པ་དང་། ལྷ་གནས་པའི་ཁང་པ་དང་། དཔལ་རྡོ་རྗེ་འཆང་གི་ཁྱིམ་དང་། རིགས་ཀྱི་གནས་རྣམས་སུ་བསྒྲུབ་པར་བྱ་སྟེ། སྐད་ཅིག་ཉིད་ཀྱིས་འགྲུབ་པར་འགྱུར་རོ། །​གལ་ཏེ་མ་གྲུབ་ན་འབྱུང་པོ་དང་འབྱུང་མོ་རིགས་དང་རྒྱུད་དུ་བཅས་པ་མ་ལུས་པ་ཕུང་བར་འགྱུར་རོ། །​དེ་ནས་དབང་ཕྱུག་ཆེན་པོའི་ལྷ་ཆེན་པོས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​ཁྲོ་བོའི་བདག་པོ་ཆེན་པོ་གདུག་པ་དང་མ་རུངས་པ་རྣམས་གསོད་པར་བྱེད་པ་བཤད་དུ་གསོལ། དེ་ནས་དབང་ཕྱུག་ཆེན་པོའི་ལྷ་ཆེན་པོ་ལ་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ནས་འབྱུང་པོ་ཐམས་ཅད་གསོད་པའི་སྔགས་ཀྱི་ཚིག་གསུངས་པ། ཨོྃ་བཛྲ་ཛྭ་ལི་ཧ་ན་ཧ་ན་སརྦ་བྷཱུ་ཏཱ་ན་ཧཱུྃ་ཕཊ། དེ་ནས་འདི་གསུངས་པ་ཙམ་གྱིས་དཔལ་རྡོ་རྗེ་འཆང་གི་བ་སྤུའི་བུ་ག་རྣམས་ནས་རྡོ་རྗེ་འབར་བ་དུ་མ་བྱུང་བར་གྱུར་ཏེ། འབྱུང་པོ་དང་འབྱུང་མོ་ཐམས་ཅད་ཀྱི་ལུས་བསྐམས་ཤིང་བརྒྱ་བྱིན་དང་། ཚངས་པ་དང་། ཁྱབ་འཇུག་ལ་སོགས་པ་ལྷ་ཐམས་ཅད་བསད་པར་གྱུར་ཏོ། །​དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ངོ་མཚར་བ་དང་བཅས་པས་འདི་སྐད་ཅེས་གསུངས་སོ། །​ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་ཆེན་པོ་མ་འོངས་པའི་ཚེ་མ་འོངས་པའི་དུས་ན་འབྱུང་པོ་དང་འབྱུང་མོ་ཚར་གཅོད་པར་བྱེད་པ་ནི་ལེགས་སོ། །​དེ་ནས་ཡང་སླར་རོའི་རྣམ་པར་ཤེས་པ་འགུགས་པའི་སྔགས་གསུངས་པ། ཨོྃ་བཛྲ་ཨཱ་ཡུ་ཥེ་ས་ར་སཱ་རཱ་སྨིན། དེ་ནས་གསུངས་པ་ཙམ་གྱིས་དཔལ་རྡོ་རྗེ་འཆང་གི་ཤངས་ཀྱི་བུ་ག་ནས་རླུང་ཆེན་པོ་རོ་འཚོ་བར་བྱེད་པ་བྱུང་བར་གྱུར་ཏེ། དེ་བྱུང་བ་ཙམ་གྱིས་འབྱུང་པོ་དང་འབྱུང་མོ་རྣམས་ཀྱི་ལུས་ལ་ཞུགས་སོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh747.html?part=UT22084-095-002-2053#UT22084-095-002-2053