Degé Kangyur volume 95, F.263.a

ཤིག་ཅེས་བརྗོད་ན་ལྷའི་དངུལ་ཆུ་དང་། བཅུད་ཀྱིས་ལེན་སྟེར་ཞིང་དངོས་གྲུབ་ཀྱི་རྫས་དང་གཏེར་དང་། རྒྱལ་སྲིད་རྣམས་སྟེར་བར་བྱེད་དོ། །​ཞི་བའི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པ་དང་པོའོ།​། །​།དེ་ནས་གཞན་ཡང་ནན་ཏུར་གྱིས་སྒྲུབ་པའི་ཐབས་བཤད་པ། གྲོ་བའི་འདབ་མ་ལ་འབྱུང་མོ་དཔལ་ཆེན་མོ་བྲིས་ཏེ། མཚན་མོ་གཅེར་བུར་གྱུར་པས། དཔལ་རྡོ་རྗེ་འཆང་གི་མདུན་དུ་སྟོང་ཕྲག་བརྒྱད་བཟླས་ན་མྱུར་དུ་འོང་ངོ་། །​འོངས་པ་ལ་ཆགས་པ་བྱས་ན་དགའ་བར་འགྱུར་རོ། །​འཇིག་རྟེན་གསུམ་གྱི་རྒྱལ་སྲིད་ཀྱང་སྟེར་བར་བྱེད་དོ། །​བརྒྱ་བྱིན་ཉིད་ཀྱང་སྟེར་རོ། །​རྒྱབ་ཏུ་ཞོན་ན་མཐོ་རིས་སུ་ཡང་འཁྱེར་ཞིང་ལོ་ཁྲི་འཚོའོ། །​གལ་ཏེ་མ་གྲུབ་ན་མིག་དང་སྤྱི་བོ་འགས་ཤིང་སྐམས་ཏེ་སྐད་ཅིག་དེ་ཉིད་ལ་འཆིའོ། །​ཞེས་ཁྲོ་བོ་ཉིད་ཀྱིས་གསུངས་སོ། །​གུར་གུམ་གྱིས་མིང་བྲིས་ཏེ་རྐང་པ་གཡོན་པས་མན་ནས་རྡོ་རྗེ་གསོར་ཞིང་ཡི་གེ་ཧཱུྃ་ཧཱུྃ་ཕཊ་ཕཊ་ལན་བདུན་བརྗོད་ན་བརྗོད་པར་གྱུར་པས་ངེས་པར་སྐད་ཅིག་གིས་འཆི་བར་བྱེད་དོ། །​འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ལས། སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པའོ།​། །​།གུ་གུལ་གྱི་བདུག་པ་སྦྱིན་ཞིང་གཏོར་མ་བཤམས་ཏེ་རས་དཀར་པོས་བཀབ་ལ། སྔགས་འདི་ལན་གསུམ་བརྗོད་དོ། །​དེ་བ་སྃ་བྷཱུ་ཏ་མ་ཧི་ཏ། པྲ་ཎི་པ་ཏཱ་ཡ། བི་བ་ཛ་ཡེད་པྲྀ་ཐག་པྲྀ་ཐག་མ་ཧཱ་བྷཱུ་ཏ། སྭ་སྠཱ་ན་མ། ཏ་ཏྲ་གཙྪ་ཏིཤྨ་ཤཱ་ནི་དེ་བ་ཨཱ་ལ་ཡེ་ཥུ་ན་དཱི་ཏ་ཏེ། ཙ་ཏུ་ཥུ་ཐེ། ཨེ་ཀ་ལིང་གེ་ཝ་དེ་བ་ཨཱ་ཡ་ཏ་ནཻ་ཝ། ཤྲཱི་གྷྲྃ་གཙྪ་ཏུ། བྷུ་ཏ་ནཱ་མ་ས་མ་ཡ་པྲ་ཏི་པཱ་ལ་ནུ་ཡ། ཡ་ཏི་ས་ཨི་བན་གཙྪ་ཏི་ཏ་ཀྵེ་ཎ་མུར་དྷ་ནི། སུ་ལ་ཡེད། བྷཱུ་ཏཱ་ནཱཾ་རཻ་ར་ཝྃ་ན་ར་ཀཾ་པ་ཏེད། ཡ་ཐ་ཡ་ཐ། སྭ་སྠཱ་ནེ་གཙྪ་ཏུ། ཡ་ཐཱ་སུ་ཁཱི་སྭཱ་ཧཱ། རྡོ་རྗེ་སློབ་དཔོན་གྱིས་ལྷ་རྣམས་ཉེ་བར་བསྡུ་བར་བྱའོ། །​འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། རིམ་པར་ཕྱེ་བ་གཉིས་པ་རྫོགས་ཏེ། འབྱུང་པོ་འདུལ་བ་ཞེས་བྱ་བའི་རྒྱུད་སྟོང་ཕྲག་བཅུ་དྲུག་པ་ལས་ཇི་སྙེད་པ་རྫོགས་སོ།​། །​།རྒྱ་གར་གྱི་མཁན་པོ་བུདྡྷ་ཨཱ་ཀ་ར་བ་རྨ་དང་། ལོ་ཙྪ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།​། །​།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh747.html?part=UT22084-095-002-2103#UT22084-095-002-2103