Degé Kangyur volume 95, F.240.a

དམ་ཚིག་ལ་གནས་ཤིང་འཇིག་རྟེན་པའི་སྔགས་དང་ཕྱག་རྒྱའི་ཆོ་ག་ཐམས་ཅད་ཀྱི་དངོས་གྲུབ་སྩལ་བར་བགྱིའོ། །​དཔལ་རྡོ་རྗེ་འཆང་བཟླས་པ་ཙམ་གྱིས་ཐམས་ཅད་འགྲུབ་པར་འགྱུར་ཏེ། གལ་ཏེ་མ་གྲུབ་ན་རིགས་དང་རྒྱུད་དུ་བཅས་པ་བརླག་པར་གྱུར་ཅིག །​དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་དམ་ཚིག་ཉམས་པར་གྱུར་ཅིག །​དེ་བཞིན་གཤེགས་པའི་ཁྲོ་བོའི་རྡོ་རྗེས་སྤྱི་བོ་བཀས་པར་གྱུར་ཅིག །​མྱུར་བ་ཉིད་དུ་ཤི་སྟེ་རྣམ་པ་ཐམས་ཅད་དུ་དམྱལ་བ་ཆེན་པོ་བརྒྱད་དུ་འཇུག་པར་གྱུར་ཅིག །​དེ་ནས་ཡང་དག་བཤད་བྱ་བ། །སྒྲུབ་པ་པོ་ཡི་གནས་མཆོག་སྟེ། །​ཆུ་བོའི་འགྲམ་དང་དུར་ཁྲོད་དང་། །​ཕྱག་ན་རྡོ་རྗེའི་ཁྱིམ་དག་སྟེ། །​དེར་ནི་འབྱུང་པོ་འབྱུང་མོ་ཀུན། །​འགྲུབ་འགྱུར་འདི་ལ་ཐེ་ཙོམ་མེད། །​འབྱུང་པོའི་རྒྱལ་མོ་ཆེན་པོ་བརྒྱད་ཀྱི་བསྒྲུབ་པའི་གནས་སོ། །​དེ་ནས་ཕྱག་རྒྱ་བཤད་བྱ་བ། །འབྱུང་མོ་བརྒྱད་ཀྱི་སྒྲུབ་པ་སྟེ། །​ལག་གཡོན་ཁུ་ཚུར་དམ་བཅངས་ནས། །​གུང་མོ་རབ་ཏུ་བརྐྱང་བྱས་པ། །​སྤྱན་དྲང་མཆོད་པའི་ཕྱག་རྒྱ་སྟེ། །​རིགས་ཀྱི་མཆོག་ནི་སྒྲུབ་བྱེད་པའོ། །​ཁུ་ཚུར་ཕན་ཚུན་བཅངས་ནས་ནི། །​མཛུབ་མོ་རབ་ཏུ་བརྐྱང་བྱས་པ། །​རང་གི་དམ་ཚིག་བསྲུང་བ་ཡི། །​འབྱུང་མོ་སྐད་ཅིག་དེ་ལ་སྒྲུབ། །​ལག་གཡོན་ཁུ་ཚུར་དམ་བཅངས་ནས། །​མཐེ་ཆུང་རབ་ཏུ་བརྐྱང་བྱས་པ། །​ཉེ་བར་བྱེད་པའི་ཕྱག་རྒྱ་སྟེ། །​འབྱུང་པོ་ཐམས་ཅད་རྗེས་འབྲང་བའོ། །​ལག་པ་གཡོན་པ་བརྐྱང་ནས་ནི། །​མཛུབ་མོ་བསྐྱིལ་བ་བྱས་ནས་སུ། །​མཐེ་བོང་གཡས་ནི་མནན་བྱས་པ། །​འབྱུང་ཀུན་དབང་དུ་བྱེད་པའོ། །​ལག་གཡོན་ཁུ་ཚུར་བཅངས་པ་ལས། །​སྲིན་ལག་རབ་ཏུ་བརྐྱང་བ་ནི། །​འབྱུང་མོ་ཐམས་ཅད་འགུགས་པ་སྟེ། །​བགེགས་ཀུན་ཟློག་པར་བྱེད་པའོ། །​ལག་གཡོན་ཁུ་ཚུར་བཅངས་ནས་ནི། །མཛུབ་མོ་རབ་ཏུ་བརྐྱང་བྱས་པ། །​འབྱུང་མོ་མངོན་ཕྱོགས་བྱེད་པ་སྟེ། །​གདུག་པ་ཐམས་ཅད་ཟ་བྱེད་པའོ། །​ལག་པ་གཡོན་པས་ཁུ་ཚུར་བཅངས་ཏེ། མཐེ་ཆུང་བརྐྱང་བ་ནི་འབྱུང་མོའི་དམ་ཚིག་གི་ཕྱག་རྒྱ་སྟེ། ཐམས་ཅད་དུ་ལས་ཐམས་ཅད་བྱེད་པའོ། །​ལག་པ་གཉིས་ཀའི་སོར་མོ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh747.html?part=UT22084-095-002-2057#UT22084-095-002-2057