Degé Kangyur volume 95, F.259.a

ན་བཟླས་པའི་མཐའ་ལ་ངེས་པར་འོང་ཞིང་ལྟ་བར་བྱེད་དོ། །​ཉི་མ་གཉིས་པ་ལ་མདུན་དུ་འདུག་ཅིང་གཏམ་སྨྲ་བར་བྱེད་དོ། །​ཉི་མ་གསུམ་པ་ལ་ཆགས་པ་སྤྱད་ན་ངེས་པར་འགྲུབ་ཅིང་། ཆུང་མའི་ལས་ཐམས་ཅད་བྱེད་ལ། དོང་ཙེ་བརྒྱད་དང་། རས་ཕྲུགས་གཅིག་སྟེར་བར་བྱེད་དོ། །​ཉིན་གཅིག་བཞིན་དུ་རིའི་རྩེ་མོར་ཤ་ཟ་ཞིང་ཁྲི་ཁྲི་བཟླས་ན། ལྷ་མོའི་གཟུགས་ཀྱིས་མྱུར་དུ་འོངས་ཤིང་མདུན་དུ་སྡོད་དོ། །​འཁྱུད་ཅིང་འོ་བྱས་ཏེ་མི་སྨྲ་བས་ཆགས་པ་བྱས་ན་ཆུང་མར་འགྱུར་ཏེ། དོང་ཙེ་བརྒྱད་སྟོང་སྟེར་ཞིང་ལྷས་མངོན་པར་འདོད་པའི་བཟའ་བ་སྟེར་བར་བྱེད་དོ། །​འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། མིའམ་ཅིའི་བུ་མོ་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པའི་ལེའུའོ།​། །​།དེ་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་བཀའ་སྩལ་ཏོ། །​དབང་ཕྱུག་ཆེན་པོ་ལྷ་ཆེན་པོ་ཁྱོད་ཉོན་ཅིག་འཇིག་རྟེན་གསུམ་གྱི་བདག་པོ་ལྷ་རྣམས་ཀྱིས་འདའ་བར་བྱ་བ་མ་ཡིན་པ། མངག་གཞུག་མ་ལུས་པ་སྒྲུབ་པར་བྱེད་པ། མ་རུངས་པ་རྣམས་དང་ལྷ་རྣམས་ལ་བསྟན་པར་བྱའོ། །​དེ་ནས་དབང་ཕྱུག་ཆེན་པོ་ལྷ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་མི་ཕྱེད་པ་བསྟན་པ། འཇིག་རྟེན་གསུམ་གྱི་ལྷ་རྣམས་ཀྱིས་འདའ་བར་བྱ་བ་མ་ཡིན་པ། སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པའི་ལེའུ་དང་། ཕྱག་རྒྱ་དང་། སྔགས་ཀྱི་རིམ་པར་ཕྱེ་བ་བཤད་དུ་གསོལ། དེ་ནས་འཁོར་གྱི་དཀྱིལ་འཁོར་དེ་ན་གནས་པ་རྣམས་ཀྱིས། ལྷ་ཆེན་པོ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཤིན་ཏུ་གདུལ་དཀའ་བ་རྣམས་འདུལ་བར་བྱེད་པ། གསོལ་བ་བཏབ་པ་ནི་ལེགས་སོ་ལེགས་སོ། །​དེ་ནས་རྡོ་རྗེ་འཆང་། ཁྲོ་བོའི་བདག་པོ་ཆེན་པོས་འདི་སྐད་ཅེས་གསུངས་སོ། །​ཁྲོ་བོའི་དཀྱིལ་འཁོར་དམ་པ་ནི། །གྲུ་བཞི་པ་ལ་སྒོ་བཞི་པ། །​རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །​ཆ་རྣམས་བཅུ་དྲུག་དག་དང་ལྡན། །​རྡོ་རྗེ་ར་བས་མཛེས་པའོ། །​དེ་ཡི་དབུས་སུ་དྲག་པོ་ཆེ། །​རྡོ་རྗེ་ཁྲོ་བོ་དགོད་བྱ་བ། །​འབར་བའི་ཕྲེང་བ་འཁྲུག་ཅིང་གསལ། །​བསྐལ་པ་ཐ་མའི་མེ་འོད་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh747.html?part=UT22084-095-002-2095#UT22084-095-002-2095