Degé Kangyur volume 88, F.300.b

འདི་དག་ནི་ཆོ་ག་ཡང་དེ་ཉིད་དོ། །​མུན་པ་མཛེས་མའི་སྔགས་ནི། ཨོཾ་ཤྲཱི་ཎུ་གུ་ཧྱ་ཀེ་ཤྲཱི་ཎུ་གུ་ཧྱ་ཀེ་ཨེ་ཧྱ་ཧི་གུ་ཧྱཻ་ཧི་གུཧྱ་ཀེ་སྭཱ་ཧཱ། འདིའི་ཆོ་ག་ལ་ནི་རས་རིས་ཀྱི་ཆོ་ག་ནི་འདི་ལ་མེད་དོ། །​དང་པོར་རེ་ཞིག་གཙང་ཞིང་གོས་གཙང་མ་བགོས་ཏེ། ཟླ་བ་ཉ་བ་ལ་གནས་དབེན་པར་འདུག་ནས་སྒོ་བཅད་དེ་སྣང་བ་མེད་པར་མུན་པའི་གནས་སུ་རིག་པ་སྟོང་ཕྲག་བཅུ་བཟླས་ན་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །​དེ་ནས་སྒྲུབ་པ་པོས་བརྩམ་པར་བྱ་བ་ནི་ཟླ་བ་ཉ་ནས་བརྩམས་ནས་ཟླ་བ་ཉ་གཉིས་པའི་བར་འདིར་ལས་སུ་བྱ་བ་ནི། མཚན་མོ་ཉལ་བའི་དུས་སུ་མལ་དུ་འདུག་ནས་མི་སྣང་ཞིང་དབེན་པའི་ས་ཕྱོགས་སུ་གཅིག་པུ་སྒོ་བཅད་ལ། དོང་ཀ་དང་བཱ་ན་ཀའི་མེ་ཏོག་ལེགས་པར་ཁ་འབུས་པ་ཡུངས་མར་དང་བསྲེས་པས། ལག་པ་དང་རྐང་པ་ལ་བྱུགས་ལ། ལག་པ་གཡས་པ་ལ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པ་བྱ་སྟེ། མི་སྨྲ་བའི་དཀའ་ཐུབ་ཀྱིས་བཟླས་པ་བྱའོ། །​དེ་བཞིན་དུ་ཉིན་རེ་ཞིང་མ་ཆད་པར་ཟླ་བ་ཉའི་བར་དུ་བྱས་ན་དེ་ནས་མཚན་ཕྱེད་ཙམ་ན་ངེས་པར་འོང་བར་འགྱུར་རོ། །​འོངས་ནས་ཀྱང་མི་སྨྲ་བར་བྱ་ཞིང་། ཅང་མི་སྨྲ་བར་གྱུར་པས་འདོད་པ་བསྟེན་པར་བྱའོ། །​གང་གི་ཚེ་ཟླ་བ་དྲུག་ན་སྨྲ་བ་དེའི་ཚེ་སྨྲ་བར་བྱ་སྟེ། དེ་ནས་བཟུང་ནས་ཆུང་མར་འགྲུབ་པར་འགྱུར་ཏེ། འདོད་པ་ཐམས་ཅད་སྟེར་བ་དང་འདི་ལ་ལྷའི་རེག་པ་བཟང་པོ་ཡང་སྦྱིན་པར་བྱེད་དོ། །​ཉིན་པར་མ་མཐོང་བ་ཁོ་ནར་ཡང་ལས་ཐམས་ཅད་སྒྲུབ་པར་བྱེད་དོ། །​རོ་དང་བཅུད་ཀྱིས་ལེན་རྣམས་ཀྱང་རབ་ཏུ་སྟེར་བར་བྱེད་དོ། །​རྒྱབ་ཏུ་ཞོན་ན་ནི་རི་རབ་ཏུ་ཡང་ཁྱེར་བར་བྱེད་དོ། །​མཚན་མོ་འཛམ་བུའི་གླིང་ཀུན་ཏུ་ཡང་འཁོར་བར་བྱེད་དོ། །​དཔག་ཚད་བརྒྱ་ན་ཡོད་པའི་དགྲ་དེ་དག་ཀྱང་འཇོམས་པར་བྱེད་དོ། །​ཇི་སྐད་བསྟན་པ་དེ་ཐམས་ཅད་སྒྲུབ་པར་བྱེད་དོ། །​གཞན་གྱི་བུད་མེད་ལ་འགྲོ་བ་ནི་མ་གཏོགས་སོ། །​གཞན་གྱི་བུད་མེད་ལ་འགྲོ་བར་བྱེད་པའི་ཆོ་ག་ནི་འདི་དག་ཐམས་ཅད་ལ་ཡང་སྦྱར་ཏེ། དེ་ཉིད་དང་ལྷན་ཅིག་ཡང་དག་པར་བསྟེན་པར་བྱའོ། །​གལ་ཏེ་གཞན་གྱི་བུད་མེད་ལ་འགྲོ་བར་འགྱུར་ན་ནི་འཆི་བ་སྐྱེད་པར་ཡང་འགྱུར་རོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh543.html?part=UT22084-088-038-19307#UT22084-088-038-19307