Degé Kangyur volume 88, F.295.b

མཐའ་ལ་ཡང་དག་པར་བརྟེན་ནས་ཆོས་ཀྱི་མཐའ་ལས་གྲོལ་བ་ཐོབ་པར་འགྱུར་རོ། །​སེམས་ཅན་མཐའ་ནི་བསམ་མི་ཁྱབ། །​རྣམ་པར་སྨིན་པའང་བསམ་མི་ཁྱབ། །​སངས་རྒྱས་ཆོས་ཀྱང་བསམ་མི་ཁྱབ། །​བྱང་ཆུབ་སྤྱོད་པའང་བསམ་མི་ཁྱབ། །​གདུལ་བའི་སེམས་ཅན་ལ་བརྟེན་ནས། །​ཕན་པའི་སྤྱོད་པ་བསམ་མི་ཁྱབ། །​བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས། །​བསམ་མི་ཁྱབ་པར་ཡོངས་སུ་བསྟན། །​རྒྱུད་རྣམས་ཀུན་ལ་རྒྱུད་འདི་ཡི། །​མཐུ་ནི་བསམ་གྱིས་མི་ཁྱབ་ཡིན། །​གཤིན་རྗེ་གཤེད་ནི་བདག་ཉིད་ཆེ། །​ཁྲོ་བོའི་རྒྱལ་པོའི་སྔགས་དག་དང་། །​ཡུལ་གསུམ་དག་ཀྱང་བསམ་མི་ཁྱབ། །​རྟོགས་པའི་བདག་ཉིད་བསམ་མི་ཁྱབ། །​ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྱོད་པ་ནི་བསམ་གྱིས་མི་ཁྱབ་སྟེ། ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ལས་བྱུང་བའི་སྒྲུབ་པ་ཡང་བསམ་གྱིས་མི་ཁྱབ་བོ། །​ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའ་སྔགས་ཟློས་པ་ན་འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། འཕགས་པ་མ་ཡིན་པའི་སེམས་ཅན་འདོད་པ་ལ་ལྷག་པར་ཆགས་པས་བསོད་ནམས་མ་ཡིན་པ་ཤིན་ཏུ་རབ་ཏུ་མང་པོར་འཕེལ་བས་དམྱལ་བ་ཆེན་པོར་སྐྱེ་ཞིང་སེམས་ཅན་འདི་དག་ནི་བསོད་ནམས་ཀྱི་ཕུང་པོ་ཤིན་ཏུ་མང་པོ་འདི་འཕེལ་བར་མི་འགྱུར་རོ། །​སེམས་ཅན་འདི་དག་བྱང་ཆུབ་རྣམ་པ་གསུམ་གྱི་སྐལ་བ་མེད་པར་མི་འགྱུར་བར་བྱ་བའི་ཕྱིར། ཞི་བའི་བླ་གྲོས་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སྔགས་ཟློས་པས་སེམས་ཉེ་བར་གཞག་པར་བྱ་ཞིང་ཐབས་མཁས་པ་འདི་ལ་མངོན་སྤྱོད་ཀྱི་ལས་རབ་ཏུ་སྦྱར་བར་བྱའོ། །​ལས་ཐམས་ཅད་ལ་ཡང་མཚན་མར་འཛིན་པར་མི་བྱའོ། །​མི་དགེ་བར་འཛིན་པར་མི་བྱ་ཞིང་སྙིང་རྗེས་བརླན་པའི་སེམས་ཀྱིས་སེམས་ཅན་གདུལ་བའི་ཐབས་ལ་ཡང་བསླབ་པར་བྱའོ། །​ཀྱེ་རྒྱལ་བའི་སྲས་གཞན་ཡང་ཆོས་དང་ཆོས་མ་ཡིན་པ་དང་། དཀར་པོ་དང་། ནག་པོ་དང་། དགེ་བ་དང་། མི་དགེ་བ་དང་། འགྲོ་བའི་བདག་ཉིད་ཆེན་པོ་སེམས་ཅན་འདུལ་བའི་ཐབས་སྒྲུབ་པ་དང་། ཆོས་ཀྱི་དབྱིངས་སྒྲུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རབ་ཏུ་རྟོགས་པར་འགྱུར་ཏེ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh543.html?part=UT22084-088-038-19297#UT22084-088-038-19297