Degé Kangyur volume 66, F.123.a

ཆོས་ཀྱང་སྟོན་ཏོ། །​དེ་བཞིན་གཤེགས་པ་དེས་ཀྱང་བདག་དེ་ནས་འདིར་བཅོམ་ལྡན་འདས་ལ་ཡོངས་སུ་ཞུ་བའི་སླད་དུ་བཏང་བ་ལགས་ན། བཙུན་པ་བཅོམ་ལྡན་འདས་ཅི་སྙུང་བ་མི་མངའ་ལགས་སམ། གནོད་པ་ཆུང་ངམ། ཁྱོད་ཀྱི་འཁོར་བྲོ་འཚལ་བ་མ་མཆིས་ལགས་སམ། དམ་པའི་ཆོས་ཉན་པར་འཚལ་བ་དག་ལགས་སམ། ཇི་ལྟར་ཐོས་པ་བཞིན་དུ་ཆོས་དང་ལྡན་པ་ལགས་སམ། ཆོས་དེ་ལ་ནན་ཏན་སྙིང་པོར་བགྱིད་པ་ལགས་སམ། ཆོས་ཀྱིས་གནས་པ་དང་ལྡན་པར་གནས་ལགས་སམ། ཁྱོད་ཀྱི་སངས་རྒྱས་ཀྱི་ཞིང་འདིར་བདུད་ཀྱི་ཡུལ་དང་། ཀླུའི་ཡུལ་བཅོམ་ལགས་སམ། སངས་རྒྱས་གཅིག་གི་ཡུལ་ལགས་སམ། འདིར་ཁྱོད་ཀྱི་ཆོས་ཀྱི་འཁོར་ལོ་ཐོགས་པ་མ་མཆིས་པར་སྐོར་བར་མཛད་ལགས་སམ། གང་ལ་ལ་སངས་རྒྱས་ཀྱི་ཡུལ་འདིར་ཆོས་མ་ལགས་པའི་འཁོར་ལོ་སྐོར་བ་དེའི་སླད་དུ་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་དཔལ་བརྩེགས་རྒྱལ་པོ་དེས་ཉི་མའི་སྙིང་པོའི་ཆོས་ཀྱིས་གནས་པ་ཀླུའི་ཡུལ་རྣམ་པར་འཇིག་པར་མཛད་པའི་འོད་ཟེར་གྱི་ལེའུ་དང་། སེམས་ཅན་རྣམས་ཀྱི་ལས་ཟད་པར་འགྱུར་བའི་གཟུངས་སྔགས་འདི་ལ་དད་པར་སྩོལ་བར་མཛད་ཅིང་། དེ་ནས་ཀྱང་སྨོན་པ་མེད་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་མཐུ་སྟོབས་ཆེ་བ། ཕན་ཡོན་ཆེ་བ། འདོད་པའི་འདོད་ཆགས་ཐམས་ཅད་ཀུན་ཏུ་ཟད་པར་བྱེད་པ། གཟུགས་ཀྱི་འདོད་ཆགས་ཐམས་ཅད་ཀུན་ཏུ་ཟད་པར་བྱེད་པ་ཞེས་བྱ་བ་ནས་སྡུག་བསྔལ་གྱི་ཁུར་ཐམས་ཅད་འདོར་བར་བྱེད་པ་འདི་དེས་བསྐུར་ལགས་སོ་ཞེས་བྱ་བའི་བར་གསོལ་ཅིག་ཅེས་བྱ་བ་སྔ་མ་བཞིན་ནོ། །​དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྣང་བའི་སྙིང་པོ་དཔལ་དེས་འདི་སྐད་ཅེས་གསོལ་ཏོ། །​བཙུན་པ་བཅོམ་ལྡན་འདས་སྨོན་པ་མེད་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་ཀྱི་ཕན་ཡོན་བདག་གིས་བཟུང་ལགས་ན་བཙུན་པ་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་མི་མཇེད་དེར་མཆི་བ་ལ་འཇིགས་པ་འབའ་ཞིག་མཆིས་ལགས་སོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh257.html?part=UT22084-066-015-245#UT22084-066-015-245