Degé Kangyur volume 66, F.16.b

བྱ་བ་མ་ཡིན་པ་ལ་སྣང་བ་ནི་སྙིང་རྗེ་ཆེན་པོ་ལ་འཇུག་པའོ། །​བྱས་པ་ལ་ལན་རེ་བ་མེད་པ་ནི་ལན་དུ་ཕན་འདོགས་པར་རེ་བ་མེད་པ་སྟེ་དེ་ནི་ཚུལ་ལོ། །​རིགས་ཀྱི་བུ་དག་དེ་ལྟ་བས་ན་དུས་མ་ཡིན་པར་ནི་མ་ལྡང་ཅིག །​དུས་ལ་བབ་ན་ནི་མ་ཉལ་ཅིག །​ཉལ་བ་རྣམས་ནི་སློང་ཤིག །​རྟག་ཏུ་ནི་ཉོལ་ཅིག །​གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་དུས་མ་ལགས་པར་མི་ལྡང་བ་ལགས། ཇི་ལྟར་ན་དུས་ལ་བབ་ན་མི་ཉལ་བ་ལགས། ཇི་ལྟར་ན་ཉལ་བ་རྣམས་སློང་བ་ལགས། ཇི་ལྟར་ན་རྟག་ཏུ་ཉལ་བ་ལགས། བཀའ་སྩལ་པ། དུས་མ་ཡིན་པར་མི་ལྡང་བ་ནི་སྣོད་དུ་མ་གྱུར་པ་རྣམས་ལ་ཆོས་མི་བསྟན་པའོ། །​དུས་ལ་བབ་ན་མི་ཉལ་བ་ནི་སྣོད་དུ་གྱུར་པ་ལས་འདའ་བར་མི་བྱའོ། །​ཉལ་བ་རྣམས་བསླང་བ་ནི་དུས་དང་དུས་མ་ཡིན་པས་བསྐུལ་བའོ། །​རྟག་ཏུ་ཉལ་བ་ནི་སྙོམས་པར་འཇུག་པ་ལས་མི་ལྡང་བ་སྟེ་དེ་ནི་ཚུལ་ལོ། །​རིགས་ཀྱི་བུ་དག་དེ་ལྟ་བས་ན་ཡིད་བརྟན་པ་མེད་པར་གྱིས་ཤིག །​ཡིད་བརྟན་པ་གཞིག་པར་གྱིས་ཤིག །​ཡིད་མ་བརྟན་པ་རྣམས་ལ་ཡིད་བརྟན་པར་གྱིས་ཤིག །​གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཡིད་མི་རྟོན་པ་ལགས། ཇི་ལྟར་ན་ཡིད་བརྟན་པ་འཇིག་པར་བགྱིད་པ་ལགས། ཇི་ལྟར་ན་ཡིད་མ་བརྟན་པ་རྣམས་ལ་ཡིད་རྟོན་པ་ལགས། བཀའ་སྩལ་པ། ཡིད་མི་བརྟན་ཞེས་བྱ་བ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་ཡིད་མི་གཞག་པའོ། །​ཡིད་བརྟན་པ་གཞིག་པར་བྱ་བ་ནི་སྙོམས་པར་འཇུག་པ་བཟློག་པའོ། །​ཡིད་མ་བརྟན་པ་རྣམས་ལ་ཡིད་བརྟན་པར་བྱ་བ་ནི་ལོག་པར་ཞུགས་པ་རྣམས་ལ་སྟེ་དེ་ནི་ཚུལ་ལོ། །​རིགས་ཀྱི་བུ་དག་དེ་ལྟ་བས་ན་ནོར་དང་ལྡན་པར་གྱིས་ཤིག །​བྱས་པ་ཤེས་པ་མེད་པར་སྦྱོར་ཅིག །​ཅི་ལའང་ལན་རེ་བར་མ་བྱེད་ཅིག །​རྙེད་པ་ཆེན་པོས་ཉེ་བར་འཚོ་བར་གྱིས་ཤིག །​གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ནོར་དང་ལྡན་པ་ལགས། ཇི་ལྟར་ན་བྱས་པ་འཚལ་བ་མ་མཆིས་པར་སྦྱོར་བ་ལགས།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh244.html?part=UT22084-066-002-228#UT22084-066-002-228