Degé Kangyur volume 66, F.15.b

ཆགས་པ་མེད་པའི་ས་ལས་རྐང་པ་བཏེག་པ་དང་རྐང་པ་བོར་བ་ཀུན་ཀྱང་གཙང་གདང་བ་བསྒྲོད་དེ། ཐལ་མོ་སྦྱར་ནས། སངས་རྒྱས་ལ་ཕྱག་འཚལ་ཏེ་སོང་ངོ་། །​དམ་པའི་ཆོས་ཀྱི་རྒྱལ་པོའི་ཡི་གེ་བམ་པོ་གཅིག་སྟེ་རྫོགས་སོ།​། །​།སྔོན་རྒྱ་ལས་འགྱུར་བའི་རྙིང་པ་སྐད་གསར་གྱིས་མ་བཅོས་པར་སྣང་།​། །​།༄༅༅། །​རྒྱ་གར་སྐད་དུ། ཨཱརྱ་དྷརྨ་ཎ་ཡ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཆོས་ཀྱི་ཚུལ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །​འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་སྨྱུག་མ་ལས་བྱས་པའི་འཁོར་གྱི་ཁྱམས་ན་བཞུགས་ཏེ། དེའི་ཚེ་སྨྱུག་མ་ལས་བྱས་པའི་འཁོར་གྱི་ཁྱམས་སུ་འདུས་ཤིང་འཁོད་པའི་བྱང་ཆུབ་སེམས་དཔའ་རབ་ཏུ་མང་པོ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་གིས་ཇི་ལྟར་གནས་པར་བྱ། ཇི་ལྟར་བསྒྲུབ་པར་བྱ། ཇི་ལྟར་རྣལ་འབྱོར་དུ་བྱ། ཇི་ལྟར་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་སྙམ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རབ་ཏུ་མང་པོ་དེ་དག་གི་བསམ་པ་མཁྱེན་ནས་སྨྱུག་མ་ལས་བྱས་པའི་འཁོར་གྱི་ཁྱམས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་གདན་བཏིང་བ་ལ་བཞུགས་སོ། །​བཞུགས་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རབ་ཏུ་མང་པོ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​རིགས་ཀྱི་བུ་དག་ལེགས་སོ་ལེགས་སོ། །​ཁྱོད་ཀྱི་རྟོག་པ་ནི་བཟང་ངོ་། །​ཡིད་ཀྱི་དྲི་བ་ནི་མཛེས་སོ། །​སྤོབས་པ་ནི་དགེའོ། །​ཡིད་ལ་བྱ་བ་ནི་ཚུལ་བཞིན་ནོ། །​རིགས་ཀྱི་བུ་དག་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཚུལ་གང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་སྟོན་པར་བྱེད་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་རྗོད་པར་བྱེད་པ་དེ་ལྟ་བུའི་ཆོས་ཀྱི་ཚུལ་ངས་ཁྱོད་ལ་བཤད་དོ། །​བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་དེ་དག་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh244.html?part=UT22084-066-002-226#UT22084-066-002-226