Degé Kangyur volume 62, F.25.b

རྩོམ་པ་དང་། སེམས་རབ་ཏུ་འཛིན་པ་དང་། ཡང་དག་པར་འཇོག་པ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །​འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་དོན་སོ་སོ་ཡང་དག་པར་རིག་པ་ལ་གནས་ཀྱིས། གཞན་དག་ཀྱང་དོན་སོ་སོ་ཡང་དག་པར་རིག་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དོན་སོ་སོ་ཡང་དག་པར་རིག་པ་ནི་ཆོས་ཀྱི་ཚུལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་གང་ཡིན་པའོ། །​བདག་ནི་ཆོས་སོ་སོ་ཡང་དག་པར་རིག་པ་ལ་གནས་ཀྱིས། གཞན་དག་ཀྱང་ཆོས་སོ་སོ་ཡང་དག་པར་རིག་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཆོས་སོ་སོ་ཡང་དག་པར་རིག་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་འཇུག་པའི་ཡེ་ཤེས་གང་ཡིན་པའོ། །​བདག་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ལ་གནས་ཀྱིས། གཞན་དག་ཀྱང་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི་སྐད་བསྒྲགས་པ་ཐམས་ཅད་ལ་འཇུག་པའི་ཡེ་ཤེས་གང་ཡིན་པའོ། །​བདག་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ལ་གནས་ཀྱིས། གཞན་དག་ཀྱང་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཚིག་རབ་ཏུ་དབྱེ་བ་ལ་མཁས་པའི་ཤེས་པ་གང་ཡིན་པའོ། །​བདག་ནི་སྤོབས་པ་ལ་གནས་ཀྱིས། གཞན་དག་ཀྱང་སྤོབས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སྤོབས་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་བྱིན་གྱིས་རློབ་ཅིང་སྟོན་པ་ཤེས་པ་གང་ཡིན་པ་སྟེ། དེ་ནི་ཚིག་གཅིག་བཟུང་ནས་ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་རློབ་ཅིང་སྟོན་ཀྱང་མི་ལྡང་བ་གང་ཡིན་པ་སྟེ། འཇམ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh201.html?part=UT22084-062-001-758#UT22084-062-001-758