Degé Kangyur volume 62, F.25.a

བ་ལ་སྟོན་པར་འདུ་ཤེས་པ་གང་ཡིན་པའོ། །​བདག་ནི་ཚིག་རྩུབ་པོ་མེད་པ་ལ་གནས་ཀྱིས། གཞན་དག་ཀྱང་ཚིག་རྩུབ་པོ་མེད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཚིག་རྩུབ་པོ་མེད་པ་ནི་ཕན་འདོགས་པའི་ཚིག་གང་ཡིན་པའོ། །​བདག་ནི་གནོད་སེམས་མེད་པ་ལ་གནས་ཀྱིས། གཞན་དག་ཀྱང་གནོད་སེམས་མེད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་གནོད་སེམས་མེད་པ་ནི་ལས་བྱ་བ་ལ་འཇུག་པ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །​འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་སྦྱིན་པ་ལ་གནས་ཀྱིས། གཞན་དག་ཀྱང་སྦྱིན་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སྦྱིན་པ་ནི་ཆོས་ཇི་ལྟ་བ་བཞིན་དུ་སྟོན་པ་གང་ཡིན་པའོ། །​བདག་ནི་སྙན་པར་སྨྲ་བ་ལ་གནས་ཀྱིས། གཞན་དག་ཀྱང་སྙན་པར་སྨྲ་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སྙན་པར་སྨྲ་བ་ནི་ཟང་ཟིང་མེད་པའི་སེམས་ཀྱིས། ཆོས་སྟོན་པ་གང་ཡིན་པའོ། །​བདག་ནི་དོན་སྤྱོད་པ་ལ་གནས་ཀྱིས། གཞན་དག་ཀྱང་དོན་སྤྱོད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དོན་སྤྱོད་པ་ནི་གཞན་ལ་ལུང་འབོགས་པ་དང་། ཁ་ཏོན་འདོན་དུ་འཇུག་པ་ལ་སྐྱོ་བ་མེད་པ་གང་ཡིན་པའོ། །​བདག་ནི་དོན་འཐུན་པ་ལ་གནས་ཀྱིས། གཞན་དག་ཀྱང་དོན་འཐུན་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དོན་འཐུན་པ་ནི་སྦྱིན་པ་བྱིན་ནས་ཐེག་པ་ཆེན་པོ་ལ་དགོད་པ་གང་ཡིན་པའོ། །​བདག་ནི་བྱང་ཆུབ་ཀྱི་སེམས་ལ་གནས་ཀྱིས། གཞན་དག་ཀྱང་བྱང་ཆུབ་ཀྱི་སེམས་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཆུད་མི་ཟ་ཞིང་གནས་པར་བྱ་བའི་ཕྱིར་འདུན་པ་སྐྱེད་པ་དང་། འབད་པ་དང་། བརྩོན་འགྲུས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh201.html?part=UT22084-062-001-757#UT22084-062-001-757