Degé Kangyur volume 62, F.26.a

དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །​འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སེམས་ཅན་གྱི་ཀུན་ནས་ཉོན་མོངས་པ་བཟོད་པ་ལ་གནས་ཀྱིས། གཞན་དག་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སེམས་ཅན་གྱི་ཀུན་ནས་ཉོན་མོངས་པ་བཟོད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཀུན་ནས་ཉོན་མོངས་པ་ནི་ལུས་ལ་གནོད་པ་དང་། སེམས་ལ་གནོད་པ་གང་ཡིན་པའོ། །​བདག་ནི་ཕོངས་པ་མེད་པ་ལ་གནས་ཀྱིས། གཞན་དག་ཀྱང་ཕོངས་པ་མེད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཕོངས་པ་མེད་པ་ནི་དགེ་བའི་རྩ་བ་རྣམས་ཆུད་མི་ཟ་བ་གང་ཡིན་པའོ། །​བདག་ནི་སེམས་མི་འཁྲུགས་པ་ལ་གནས་ཀྱིས། གཞན་དག་ཀྱང་སེམས་མི་འཁྲུགས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སེམས་མི་འཁྲུགས་པ་ནི་དགེ་བའི་རྩ་བ་ཐམས་ཅད་ཆུད་མི་ཟ་བ་གང་ཡིན་པའོ། །​བདག་ནི་བརྩོན་འགྲུས་ལ་གནས་ཀྱིས། གཞན་དག་ཀྱང་བརྩོན་འགྲུས་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བརྩོན་འགྲུས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང་། མི་དགེ་བའི་ཆོས་ཐམས་ཅད་སྤོང་བ་གང་ཡིན་པའོ། །​བདག་ནི་སེམས་ཅན་ལ་དམིགས་པའི་བྱམས་པ་ལ་གནས་ཀྱིས། གཞན་དག་ཀྱང་སེམས་ཅན་ལ་དམིགས་པའི་བྱམས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སེམས་ཅན་ལ་དམིགས་པའི་བྱམས་པ་ནི་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །​འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh201.html?part=UT22084-062-001-759#UT22084-062-001-759