Degé Kangyur volume 62, F.14.a

ནི་ཆགས་པ་སྤངས་པ་གང་ཡིན་པའོ། །​བདག་ནི་དབེན་པའི་ཚུལ་ཁྲིམས་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་དབེན་པའི་ཚུལ་ཁྲིམས་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དབེན་པའི་ཚུལ་ཁྲིམས་ཉིད་ནི་ལུས་དང་སེམས་དབེན་པ་གང་ཡིན་པའོ། །​བདག་ནི་དགོན་པ་ལ་གནས་པའི་ཚུལ་ཁྲིམས་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་དགོན་པ་ལ་གནས་པའི་ཚུལ་ཁྲིམས་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དགོན་པ་ན་གནས་པའི་ཚུལ་ཁྲིམས་ཉིད་ནི་ཆོས་ཐམས་ཅད་ལ་མཐའ་དང་དབུས་མེད་པར་འཇུག་པ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །​འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་བཟོད་པའི་ཚུལ་ཁྲིམས་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་བཟོད་པའི་ཚུལ་ཁྲིམས་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བཟོད་པའི་ཚུལ་ཁྲིམས་ཉིད་ནི་སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པ་ཉིད་གང་ཡིན་པའོ། །​བདག་ནི་བརྩོན་འགྲུས་ཀྱི་ཚུལ་ཁྲིམས་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་བརྩོན་འགྲུས་ཀྱི་ཚུལ་ཁྲིམས་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བརྩོན་འགྲུས་ཀྱི་ཚུལ་ཁྲིམས་ཉིད་ནི་ཕྱིར་མི་ལྡོག་པའི་ཆོས་ལ་སེམས་ཅན་ཐམས་ཅད་འགོད་པ་ཉིད་གང་ཡིན་པའོ། །​བདག་ནི་བསམ་གཏན་གྱི་ཚུལ་ཁྲིམས་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་བསམ་གཏན་གྱི་ཚུལ་ཁྲིམས་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བསམ་གཏན་གྱི་ཚུལ་ཁྲིམས་ཉིད་ནི་བསམ་གཏན་གྱི་ཡན་ལག་ལ་སེམས་ཅན་ཐམས་ཅད་འགོད་པ་གང་ཡིན་པའོ། །​བདག་ནི་ཤེས་རབ་ཀྱི་ཚུལ་ཁྲིམས་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་ཤེས་རབ་ཀྱི་ཚུལ་ཁྲིམས་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཤེས་རབ་ཀྱི་ཚུལ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh201.html?part=UT22084-062-001-735#UT22084-062-001-735