Degé Kangyur volume 62, F.13.b

གཞན་དག་ཀྱང་ཚུལ་ཁྲིམས་སྐྱོན་མེད་པ་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཚུལ་ཁྲིམས་སྐྱོན་མེད་པ་ཉིད་ནི་ཉེས་པ་ཐམས་ཅད་རྣམ་པར་སྤོང་བ་གང་ཡིན་པའོ། །​བདག་ནི་ཐུན་ཚགས་མ་ཡིན་པའི་ཚུལ་ཁྲིམས་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་ཐུན་ཚགས་མ་ཡིན་པའི་ཚུལ་ཁྲིམས་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཚུལ་ཁྲིམས་ཐུན་ཚགས་མ་ཡིན་པ་ཉིད་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡོངས་སུ་འཛིན་པ་གང་ཡིན་པའོ། །​བདག་ནི་ལེགས་པར་བསྲུངས་པའི་ཚུལ་ཁྲིམས་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་ལེགས་པར་བསྲུངས་པའི་ཚུལ་ཁྲིམས་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ལེགས་པར་བསྲུངས་པའི་ཚུལ་ཁྲིམས་ཉིད་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པར་འདུ་ཤེས་པ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །​འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་ལེགས་པར་སྦས་པའི་ཚུལ་ཁྲིམས་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་ལེགས་པར་སྦས་པའི་ཚུལ་ཁྲིམས་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ལེགས་པར་སྦས་པའི་ཚུལ་ཁྲིམས་ཉིད་ནི་དབང་པོ་སྲུང་བ་གང་ཡིན་པའོ། བདག་ནི་རྣམ་པར་གྲགས་པའི་ཚུལ་ཁྲིམས་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་རྣམ་པར་གྲགས་པའི་ཚུལ་ཁྲིམས་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་རྣམ་པར་གྲགས་པའི་ཚུལ་ཁྲིམས་ཉིད་ནི་ཆོས་ཀྱི་དབྱིངས་དབྱེར་མེད་པའི་ཆོས་ཐམས་ཅད་ལ་གཉིས་སུ་མེད་པའི་ཡེ་ཤེས་ལ་འཇུག་པ་གང་ཡིན་པའོ། །​བདག་ནི་ཆོག་ཤེས་པའི་ཚུལ་ཁྲིམས་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་ཆོག་ཤེས་པའི་ཚུལ་ཁྲིམས་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཆོག་ཤེས་པའི་ཚུལ་ཁྲིམས་ཉིད་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh201.html?part=UT22084-062-001-734#UT22084-062-001-734