Degé Kangyur volume 62, F.14.b

ཁྲིམས་ཉིད་ནི་སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་ལ་ངོམས་པ་མེད་པར་འགོད་པ་གང་ཡིན་པའོ། །​བདག་ནི་མུ་ཅོར་མི་སྨྲ་བའི་ཚུལ་ཁྲིམས་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་མུ་ཅོར་མི་སྨྲ་བའི་ཚུལ་ཁྲིམས་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་མུ་ཅོར་མི་སྨྲ་བའི་ཚུལ་ཁྲིམས་ཉིད་ནི་ཆོས་ཐམས་ཅད་ལ་ཅང་ཤེས་པ་ཉིད་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །​འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་གདུང་བ་མེད་པའི་ཚུལ་ཁྲིམས་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་གདུང་བ་མེད་པའི་ཚུལ་ཁྲིམས་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་གདུང་བ་མེད་པའི་ཚུལ་ཁྲིམས་ཉིད་ནི་ལེགས་པར་བྱ་བའི་ལས་བྱེད་པ་གང་ཡིན་པའོ། །​བདག་ནི་ང་རྒྱལ་མེད་པའི་ཚུལ་ཁྲིམས་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་ང་རྒྱལ་མེད་པའི་ཚུལ་ཁྲིམས་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ང་རྒྱལ་མེད་པའི་ཚུལ་ཁྲིམས་ཉིད་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཅི་བྱ་བ་ལ་ཁེངས་པ་མེད་པ་ཉིད་གང་ཡིན་པའོ། །​བདག་ནི་དུལ་བའི་ཚུལ་ཁྲིམས་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་དུལ་བའི་ཚུལ་ཁྲིམས་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དུལ་བའི་ཚུལ་ཁྲིམས་ཉིད་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱིས་ངན་དུ་བརྗོད་པ་དང་། ངན་དུ་སྨྲས་པའི་ཚིག་གི་ལམ་བཟོད་པ་གང་ཡིན་པའོ། །​བདག་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའི་ཚུལ་ཁྲིམས་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་དམ་པའི་ཆོས་ཡོངས་སུ་འཛིན་པའི་ཚུལ་ཁྲིམས་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དམ་པའི་ཆོས་ཡོངས་སུ་འཛིན་པའི་ཚུལ་ཁྲིམས་ཉིད་ནི་སྟོང་པ་ཉིད་ལ་མོས་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh201.html?part=UT22084-062-001-736#UT22084-062-001-736