Degé Kangyur volume 62, F.13.a

འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་མི་རྟག་པར་སོ་སོར་རྟོག་པ་ནི་འདོད་པའི་འདོད་ཆགས་དང་། གཟུགས་ཀྱི་འདོད་ཆགས་དང་། གཟུགས་མེད་པའི་འདོད་ཆགས་ལས་ཡང་དག་པར་འདའ་བ་གང་ཡིན་པའོ། །​བདག་ནི་བདག་མེད་པར་སོ་སོར་རྟོག་པ་ལ་གནས་ཀྱིས། གཞན་དག་ཀྱང་བདག་མེད་པར་སོ་སོར་རྟོག་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བདག་མེད་པར་སོ་སོར་རྟོག་པ་ནི་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་གང་ཡིན་པའོ། །​བདག་ནི་བདེན་པ་ལ་གནས་ཀྱིས། གཞན་དག་ཀྱང་བདེན་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བདེན་པ་ནི་ལྷ་དང་མི་ལ་སླུ་བ་མེད་པ་ཉིད་གང་ཡིན་པའོ། །​བདག་ནི་ཡང་དག་པ་ལ་གནས་ཀྱིས། གཞན་དག་ཀྱང་ཡང་དག་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཡང་དག་པ་ནི་ལྷ་རྣམས་དང་བདག་ལ་སླུ་བ་མེད་པ་ཉིད་གང་ཡིན་པའོ། །​བདག་ནི་ཆོས་སྤྱོད་པ་ལ་གནས་ཀྱིས། གཞན་དག་ཀྱང་ཆོས་སྤྱོད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཆོས་སྤྱོད་པ་ནི་ཆོས་ལ་རྟོན་པ་ཉིད་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །​འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་ཚུལ་ཁྲིམས་ལྷོད་པ་མེད་པ་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་ཚུལ་ཁྲིམས་ལྷོད་པ་མེད་པ་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཚུལ་ཁྲིམས་ལྷོད་པ་མེད་པ་ཉིད་ནི་ཁ་ན་མ་ཐོ་བ་ཅི་ཙམ་དུ་ཆུང་ངུ་ཡང་མི་བྱེད་པ་ཉིད་དོ། །​བདག་ནི་ཚུལ་ཁྲིམས་མ་རལ་བ་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་ཚུལ་ཁྲིམས་མ་རལ་བ་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཚུལ་ཁྲིམས་མ་རལ་བ་ཉིད་ནི་ཐེག་པ་གཞན་དུ་སྒྲོ་འདོགས་པ་མེད་པ་གང་ཡིན་པའོ། །​བདག་ནི་ཚུལ་ཁྲིམས་སྐྱོན་མེད་པ་ཉིད་ལ་གནས་ཀྱིས།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh201.html?part=UT22084-062-001-733#UT22084-062-001-733