Degé Kangyur volume 56, F.237.a

།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་རང་གི་རྫུ་འཕྲུལ་གྱི་སྟོབས་བསྐྱེད་པས་པད་མའི་གདན་ཇི་ལྟ་བུ་བྱུང་བ་དེ་དག་ལ་འཁོད་དོ། །​དེ་དག་ལ་སོགས་པ་སངས་རྒྱས་བཅོམ་ལྡན་འདས་བཞུགས་ཤིང་འཚོ་ལ་གཞེས་པ། སངས་རྒྱས་ཀྱི་ཞིང་གྲངས་མེད་དཔག་ཏུ་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱང་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ཉིད་ལ་སངས་རྒྱས་ཀྱི་ཞིང་འདིར་དབུས་ཀྱི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་སུ་བྱོན་ཏོ། །​དེ་བཞིན་གཤེགས་པ་རེ་རེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་དཔག་ཏུ་མེད་པ་དང་། ཉན་ཐོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དང་ཐབས་ཅིག་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ག་ལ་བཞུགས་པར་བྱོན་ཏོ། །​བྱོན་ནས་ཀྱང་པད་མའི་གདན་ཇི་ལྟ་བུ་བྱུང་བ་རྣམས་ལ་བཞུགས་སོ། །​ཡང་དེའི་ཚེ་ན་ལྷོ་ཕྱོགས་ལོགས་ནས་དེ་བཞིན་གཤེགས་པ་རིན་པོ་ཆེ་ཏོག་ཅེས་བྱ་བ་བྱོན་ནས་པད་མའི་སྙིང་པོ་ལ་བཞུགས་པའི་བར་དུ་རྒྱས་པར་བྱའོ། །​དེ་བཞིན་དུ་བྱང་ཕྱོགས་ལོགས་ནས་དེ་བཞིན་གཤེགས་པ་རྔ་སྒྲ་ཞེས་བྱ་བ་བྱོན་ནས་པད་མའི་སྙིང་པོ་ལ་བཞུགས་སོ། །​ཡང་དེའི་ཚེ་ནུབ་ཕྱོགས་ལོགས་ནས་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཅེས་བྱ་བ་བྱོན་ནས་པད་མའི་སྙིང་པོ་ལ་བཞུགས་པའི་བར་དུའོ། །འོག་གི་ཕྱོགས་ལོགས་ནས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཅེས་བྱ་བ་བྱོན་ནས་པད་མའི་སྙིང་པོ་ལ་བཞུགས་པའི་བར་དུའོ། །​སྟེང་གི་ཕྱོགས་ལོགས་ནས་དེ་བཞིན་གཤེགས་པ་ཡེ་ཤེས་ཀྱི་འོད་ཟེར་ཞེས་བྱ་བ་བྱོན་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་དཔག་ཏུ་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དང་ཐབས་ཅིག་ཏུ་སངས་རྒྱས་ཀྱི་ཡུལ་ཐམས་ཅད་རྣམ་པར་འཕྲུལ་པའི་བྱིན་གྱི་རླབས་ཀྱིས་དེ་ནས་གཤེགས་པར་ཆས་པ་དང་། སེམས་ཀྱི་སྐད་ཅིག་གཅིག་ལ་སངས་རྒྱས་ཀྱི་ཞིང་འདིར་དབུས་ཀྱི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་སུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བཞུགས་པ་དེར་གཤེགས་ནས་པད་མའི་གདན་ཇི་ལྟ་བུ་བྱུང་བ་ལ་བཞུགས་སོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་ཇི་ལྟར་རང་རང་གི་བསོད་ནམས་དང་རྫུ་འཕྲུལ་གྱི་སྟོབས་ཀྱི་བྱིན་གྱི་རླབས་ཀྱིས་པད་མའི་གདན་སྤྲུལ་པ་རྣམས་ལ་འཁོད་དོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh138.html?part=UT22084-056-006-1980#UT22084-056-006-1980