Degé Kangyur volume 55, F.177.b

རིག་པ་དང་རྣམ་པར་གྲོལ་བའི་གློག་བྱུང་ཞིང་ཡང་དག་པ་དེ་ཁོ་ནའི་འབྲུག་བསྒྲགས་པས་སེམས་ཅན་གྱི་ཁམས་ཐམས་ཅད་ཚིམ་པར་བྱེད་ཅིང་སྨོན་ལམ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་པར་ཀུན་ཏུ་སྟོན་པ། བསམ་གཏན་དང་རྣམ་པར་ཐར་པ་དང་མངོན་པར་ཤེས་པ་དང་རིག་པ་དང་ཡེ་ཤེས་ལ་འཇུག་པའི་སྤྱོད་ཡུལ་བ། སེམས་བསྐྱེད་པ་གཅིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་འགྲོ་བའི་སྐྱེ་བ་ཐམས་ཅད་དུ་སྐྱེས་པའི་སེམས་ཅན་ཐམས་ཅད་ཀྱི་ལུས་ཀུན་ཏུ་སྟོན་པ། རང་གི་སེམས་ཤེས་པ་དང་གཞན་གྱི་སེམས་ཤེས་པ་ཆགས་པ་མེད་པས། སེམས་ཅན་གཅིག་དང་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དང་གཡོ་བ་ཤེས་པ་ལ་མཁས་པ། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྐད་ཅིག་གཅིག་གིས་འཇུག་པའི་ཡེ་ཤེས་ལ་མཁས་པ། དུས་གསུམ་དུ་གཏོགས་པ་ཐམས་ཅད་ཀྱི་གྲངས་ལ་ཆགས་པ་མེད་པའི་ཡེ་ཤེས་ལ་འཇུག་པ། སེམས་ཅན་གཞན་གྱི་རྒྱུད་ལ་ཡང་དག་པར་ཐོབ་པར་བྱེད་པའི་ཡེ་ཤེས་ལ་མཁས་པ། སེམས་ཀྱི་སྐད་ཅིག་སེམས་ཀྱི་སྐད་ཅིག་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་ཀུན་ཏུ་སྟོན་པ་ལ་མཁས་པ། སེམས་ཅན་གཅིག་གི་འདུ་ཤེས་ཀྱིས་སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་ལས་ཀྱི་བྱ་བ་ལ་མངོན་སུམ་དུ་འཇུག་པའི་ཡེ་ཤེས་ལ་མཁས་པ། སེམས་ཅན་གཅིག་གི་སྒྲ་སྐད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སྐད་ལ་འཇུག་པར་སྟོན་པའི་ཡེ་ཤེས་ལ་མཁས་པ། ལུས་གཅིག་ལ་དམིགས་ལ་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་དམིགས་པར་ཀུན་ཏུ་སྟོན་པ་ལ་མཁས་པ། དེ་བཞིན་གཤེགས་པ་གཅིག་གི་འཁོར་གྱི་དཀྱིལ་འཁོར་དུ་འཇུག་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་ན་ཆོས་སྟོན་པ་ཀུན་ཏུ་འཛིན་པ་ལ་མཁས་པ་ཤ་སྟག་གོ། །​ཐམས་ཅད་ཀྱང་གཟུངས་ཐམས་ཅད་ཐོབ་པ། ཤིན་ཏུ་རྣམ་པར་ངེས་པའི་སྤོབས་པ་སྟོན་ཅིང་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་དབང་པོ་འཛིན་པར་འཇུག་པ་ལ་མཁས་པ། སེམས་ཅན་གཅིག་གི་སེམས་ལ་དམིགས་པས་བརྗོད་དུ་མེད་པའི་རྒྱུད་དུ་བྱང་ཆུབ་རྣམ་པར་འཚང་རྒྱ་ཞིང་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་འཇུག་པའི་ཡེ་ཤེས་ལ་མཁས་པ། སྐད་ཅིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གོ་བར་བྱེད་ཅིང་སེམས་ཅན་ཐམས་ཅད་ཀྱི་བསམ་པའི་རིམ་པ་ཤེས་ལ་སེམས་ཅན་གཞན་གྱི་རྒྱུད་ལ་ཡང་དག་པར་ཐོབ་པར་བྱེད་པའི་ཡེ་ཤེས་ལ་མཁས་པ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh129.html?part=UT22084-055-003-581#UT22084-055-003-581