Degé Kangyur volume 55, F.174.b

འཇམ་དཔལ་མདོར་ན་ཆོས་ཀྱི་རང་བཞིན་སྐྱེ་བ་མེད་པར་མ་ཤེས་ནས་ཆོས་རྣམས་ལ་རྟག་པ་དང་ཐེར་ཟུག་ཏུ་བཟུང་བས་འཁོར་བར་གྱུར་ནས། ཆོས་རྣམས་སྣང་བ་ལ་སེམས་འཁྲུལ་པ་སྣང་ཞེས་བྱའི། ཐོག་མ་ནམ་མཁའ་ལྟ་བུ་མེད་པ་ལས་སེམས་འཁྲུལ་པའི་མཐུས་ཆོས་རྣམས་སྣང་བ་ནི་མ་ཡིན་ནོ། །​འཇམ་དཔལ་མཐོང་བ་དག་པ་དང་མ་དག་པ་གཉིས་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པར་སྣང་བ་ལ་ཡང་ཡུལ་ནི་སེམས་སྣང་བ་ཡིན་ཞེས་བྱའོ། །​དེ་སྐད་ཅེས་བཀའ་སྩལ་པ་དང་། འཁོར་འདུས་པ་དེ་དག་ཐམས་ཅད་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།​། །​།ཆོས་ཉིད་རང་གི་ངོ་བོ་ཉིད་ལས་མི་གཡོ་བར་ཐ་དད་པར་ཐམས་ཅད་སྣང་བའི་མདོ་རྫོགས་སོ།​། །​།རྒྱ་གར་གྱི་མཁན་པོ་དཱ་ན་ཤཱི་ལ་དང་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །​དཱ་ན་ཤཱི་ལའི་ཞལ་ནས་སྡེ་སྣོད་ཀྱི་བསྟན་བཅོས་དང་དབུ་མའི་ལྟ་བ་ཐ་དད་རྣམས་འདི་ལས་འཕྲོས་པ་ཡིན་གསུང་སྐད།​། ༄༅༅། །​རྒྱ་གར་སྐད་དུ། ཨཱརྱ་པྲ་ཤཱན་ཏ་བི་ནིཤྩ་ཡ་པྲཱ་ཏི་ཧཱརྱ་ནཱ་མ་ས་མཱ་དྷི་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །​འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་དང་ཐབས་ཅིག་ཏུ་བཞུགས་པ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། སྨན་གྱི་རྒྱལ་པོ་དང་། སྨན་ཡང་དག་བྱུང་དང་། སྨན་མངོན་བསྒྲགས་དབྱངས་རྒྱལ་པོ་དང་། ལག་ན་པད་མ་དང་། ཉི་མའི་འོད་དང་། རྡུལ་མེད་རྣམ་པར་གནོན་དང་། ངན་སོང་སྤོང་དང་། ཡེ་ཤེས་བླ་མའི་ཡེ་ཤེས་ལྡན་དང་། རིན་ཆེན་བླ་མའི་ཡེ་ཤེས་ལྡན་དང་།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh129.html?part=UT22084-055-003-575#UT22084-055-003-575