Degé Kangyur volume 1, F.18.b

ཡབ་བདག་གྲོང་ཤིང་ཐགས་ཅན་དུ་མཆི་འཚལ་ལོ། །​ཅི་ཞིག་གི་ཕྱིར་བྲམ་ཟེ་མདུན་ན་འདོན་གྲུ་འཛིན་ཅེས་བགྱི་བ་ཞིག་མཆིས་པ་དེའི་བུ་བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ཞེས་བགྱི་བ་དེ་བལྟ་བའི་སླད་དུའོ། །​བུ་དེ་ཁྱོད་པས་ཆེས་ཤེས་རབ་ཅན་ཞིག་ཡིན་ནམ་ཅི། ཡབ་དེ་ནི་བདག་པས་ཆེས་ཤེས་རབ་ཅན་མ་ལགས་ཏེ། འདི་ལྟར་དེ་ནི་ཆེས་ཕྱུག་པ་ལགས་སོ། །​དེས་ཚིགས་སུ་བཅད་པ་སྨྲས་པ། མི་གང་རིགས་ཀྱིས་རྒན་པ་དང་། །​ན་ཚོད་རྒན་དང་ནོར་གྱིས་རྒན། །​དེ་ཀུན་ཐོས་པས་རྒན་པ་ཡི། །​སྒོ་ན་དོན་ཀུན་གཉེར་བས་སྡོད། །​བུ་གལ་ཏེ་དེ་འོང་ན་ཐོས་པས་བགོ་བཤའ་བྱའི་བགྲོད་པར་ནི་མི་བྱའོ། །​བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ཀྱང་ཕའི་གན་དུ་སོང་སྟེ་ཕྱིན་ནས་སྨྲས་པ། ཡབ་བདག་གྲོང་ན་ལ་དར་མཆི་འཚལ་ལོ། །​ཅི་ཞིག་གི་ཕྱིར་དེ་ན་བྲམ་ཟེ་སྐར་རྒྱལ་ཞེས་བགྱི་བ་ཞིག་མཆིས་པ་དེའི་བུ་བྲམ་ཟེའི་ཁྱེའུ་ཉེ་རྒྱལ་ཞེས་བགྱི་བ་དེ་བལྟ་བའི་སླད་དུ་མཆིའོ། །​བུ་དེ་ཁྱོད་པས་ཆེས་ཕྱུག་པ་ཞིག་ཡིན་ནམ་ཅི། ཡབ་དེ་ནི་བདག་པས་ཆེས་ཕྱུག་པ་མ་ལགས་ཏེ། འདི་ལྟར་དེ་ནི་ཆེས་ཤེས་རབ་ཅན་ལགས་སོ། །​དེས་ཀྱང་ཚིགས་སུ་བཅད་པ་སྨྲས་པ། མི་གང་རིགས་ཀྱིས་རྒན་པ་དང་། །​ན་ཚོད་རྒན་དང་ཐོས་པས་རྒན། །​དེ་ཀུན་ནོར་གྱིས་རྒན་པ་ཡི། །​སྒོ་ན་ཅི་བྱ་སྙམ་པ་སྡོད། །​བུ་གལ་ཏེ་འོང་ན་ནོར་གྱིས་བགོ་བཤའ་བྱའི་བགྲོད་པར་ནི་མི་བྱའོ། །​ཇི་ཙམ་དུས་གཞན་ཞིག་ན་རྒྱལ་པོའི་ཁབ་ཏུ་ཀླུའི་རྒྱལ་པོ་རི་བོ་དང་། ཡིད་འོང་གཉིས་ཀྱི་དུས་སྟོན་ལ་བབ་བོ། །​རྒྱལ་པོ་གཟུགས་ཅན་སྙིང་པོའི་ཀུན་དུ་སྤྱོད་པ་ནི་གང་གི་ཚེ་ཀླུའི་རྒྱལ་པོ་རི་བོ་དང་། ཡིད་འོང་གཉིས་ཀྱི་དུས་སྟོན་ལ་བབ་པ་དེའི་ཚེ་ན་བདག་ཉིད་ཀྱིས་ཉམས་སུ་མྱོང་བར་བྱེད་པའམ། ཡང་ན་གཞོན་ནུ་མ་སྐྱེས་དགྲ་གཏོང་བར་བྱེད་དོ། །​ཅི་ཙམ་དུས་གཞན་ཞིག་ན་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་བྱ་བ་ཆུང་ཞིག་བྱུང་ནས་དེས་གཞོན་ནུ་མ་སྐྱེས་དགྲ་ལ་སྨྲས་པ། བུ་སོང་ལ་ཀླུའི་རྒྱལ་པོ་རི་བོ་དང་། ཡིད་འོང་གཉིས་ཀྱི་དུས་སྟོན་ཉམས་སུ་མྱོང་བར་གྱིས་ཤིག །​བྲམ་ཟེ་གྲུ་འཛིན་གྱིས་རྒྱལ་པོ་གཟུགས་ཅན་སྙིང་པོས་གཞོན་ནུ་མ་སྐྱེས་དགྲ་ཀླུའི་རྒྱལ་པོ་རི་བོ་དང་།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh1-1.html?part=UT22084-001-001-29075#UT22084-001-001-29075