Degé Kangyur volume 1, F.1.b
༄༅༅། །རྒྱ་གར་སྐད་དུ། བི་ན་ཡ་བསྟུ། བོད་སྐད་དུ། འདུལ་བ་གཞི། བམ་པོ་དང་པོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གང་གིས་འཆིང་རྣམས་ཡང་དག་རབ་བཅད་ཅིང་། །མུ་སྟེགས་ཚོགས་རྣམས་ཐམས་ཅད་རབ་བཅོམ་སྟེ། །སྡེ་དང་བཅས་པའི་བདུད་རྣམས་ངེས་བཅོམ་ནས། །བྱང་ཆུབ་འདི་བརྙེས་དེ་ལ་ཕྱག་འཚལ་ལོ། །ཁྱིམ་དོན་ཆེ་ཆུང་སྤངས་ཏེ་དང་པོར་རབ་འབྱུང་དཀའ། །རབ་བྱུང་ཐོབ་ནས་ཡུལ་སྤྱད་དག་གིས་དགའ་ཐོབ་དཀའ། །མངོན་དགའ་ཇི་བཞིན་དོན་བསྐྱེད་ཡང་དག་བྱེད་པ་དཀའ། །ངུར་སྨྲིག་གོས་འཆང་མཁས་པ་ཚུལ་ལས་ཉམས་པ་དཀའ། །གཞི་རྣམས་ཀྱི་སྤྱི་སྡོམ་ལ། རབ་འབྱུང་གསོ་སྦྱོང་གཞི་དང་ནི། །དགག་དབྱེ་དབྱར་དང་ཀོ་ལྤགས་གཞི། །སྨན་དང་གོས་དང་སྲ་བརྐྱང་དང་། །ཀཽ་ཤཱམ་བཱི་དང་ལས་ཀྱི་གཞི། །དམར་སེར་ཅན་དང་གང་ཟག་དང་། །སྤོ་དང་གསོ་སྦྱོང་བཞག་པ་དང་། །གནས་མལ་དང་ནི་རྩོད་པ་དང་།
The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh1-1.html?part=UT22084-001-001-29040#UT22084-001-001-29040