Degé Kangyur volume 1, F.17.b

འདི་ཡིན་ཏེ། གང་གི་ཚེ་མི་ཀློག་པར་གྱུར་པ་དེའི་ཚེ་ན་ལན་འགའ་ནི་ཆུ་ངོགས་སུ་ཉེ་རེག་བྱེད་དུ་འདོང་ངོ་། །​ལན་འགའ་ནི་གྲོང་ཁྱེར་ལྟར་འདོང་ངོ་། །​ལན་འགའ་ནི་ཡམ་སྲེག་ཤིང་ཐུར་འདོང་ངོ་། །​ཇི་ཙམ་དུས་གཞན་ཞིག་ན་དེ་དག་མི་ཀློག་པར་གྱུར་ནས། དེའི་ཚེ་དེ་དག་གྲོང་ཁྱེར་ལྟར་དོང་བ་དང་། བྲམ་ཟེའི་ཁྱེའུ་ཉེ་རྒྱལ་གྱི་བྲམ་ཟེའི་ཁྱེའུ་དག་གསང་ཚིག་དག་ཀློག་ཅིང་མདུན་དུ་འདོང་ངོ་། །​བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ཀྱི་བྲམ་ཟེའི་ཁྱེའུ་དག་ཀྱང་གསང་ཚིག་དག་ཀློག་ཅིང་ཕྱི་བཞིན་འབྲང་ཞིང་འདོང་ངོ་། །​བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ཀྱི་བྲམ་ཟེའི་ཁྱེའུ་དེ་དག་གིས་བྲམ་ཟེའི་ཁྱེའུ་ཉེ་རྒྱལ་གྱི་བྲམ་ཟེའི་ཁྱེའུ་དེ་དག་གསང་ཚིག་གི་གཞི་དག་ཀློག་པ་ཐོས་ནས་དེ་དག་གིས་སྨྲས་པ། ཅིའི་ཕྱིར་ཁྱེད་ཅག་གསང་ཚིག་གི་གཞི་དག་ཉམས་པར་བྱས་ཏེ་ཀློག །​དེ་དག་གིས་སྨྲས་པ། ཇི་ལྟར་བཀླག་པར་བྱ། གསང་ཚིག་གི་གཞི་འདི་དག་ནི་འདི་དང་འདི་སྐད་ཅེས་བཀླག་པར་བྱའོ། །​དེ་དག་གིས་སྨྲས་པ། ཁྱེད་ཅག་གིས་སུ་ལས་གསང་ཚིག་གི་གཞི་འདི་དག་བཀླགས། དེ་དག་གིས་སྨྲས་པ། གང་གིས་དེ་མི་ཤེས་པ་དེས་ནི་ཉི་མ་དང་ཟླ་བ་གཉིས་མི་ཤེས་པ་ཡིན་ནོ། །གྲོང་ན་ལ་ད་ན་བྲམ་ཟེ་སྐར་རྒྱལ་ཞེས་བྱ་བ་ཞིག་འདུག་པ་དེའི་བུ་བྲམ་ཟེའི་ཁྱེའུ་ཉེ་རྒྱལ་ཞེས་བྱ་བ་དེ་ལས་བདག་ཅག་གིས་བཀླགས་སོ། །​ཁྱེད་ཅག་གིས་ཀྱང་སུ་ལས་གསང་ཚིག་གི་གཞི་འདི་དག་བཀླགས། དེ་དག་གིས་སྨྲས་པ། གང་གིས་དེ་མི་ཤེས་པ་དེས་ཀྱང་ཉི་མ་དང་ཟླ་བ་གཉིས་མི་ཤེས་པ་ཡིན་ནོ། །​གྲོང་ཤིང་ཐགས་ཅན་ན་བྲམ་ཟེ་མདུན་ན་འདོན་གྲུ་འཛིན་ཅེས་བྱ་བ་ཞིག་འདུག་པ་དེའི་བུ་བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ཞེས་བྱ་བ་དེ་ལས་བདག་ཅག་གིས་བཀླགས་སོ། །​དེ་ནས་བྲམ་ཟེའི་ཁྱེའུ་ཉེ་རྒྱལ་གྱི་བྲམ་ཟེའི་ཁྱེའུ་རྣམས་སྤ་གོང་ཞིང་མི་དགའ་བ་དང་། མི་འཇིགས་པ་མེད་པར་གྱུར་ཏེ། བྲམ་ཟེའི་ཁྱེའུ་ཉེ་རྒྱལ་ག་ལ་བ་དེར་དོང་བ་དང་དེས་ཐག་རིང་པོ་ཁོ་ན་ནས་མཐོང་ནས་སྨྲས་པ། བྲམ་ཟེའི་ཁྱེའུ་དག་འདི་ལྟ་ཅི་ཉེས། མཁན་པོ་ཅང་མ་ནོངས་སོ། །​དེས་ཚིགས་སུ་བཅད་པ་སྨྲས་པ།The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-1.html?part=UT22084-001-001-29073#UT22084-001-001-29073