Degé Kangyur volume 45, F.331.a

ལེགས་པར་དགྱེས་པ་དཔའ་བོའི་ཚེ། །​དེ་བཞིན་གཤེགས་པ་གསལ་བའི་དབྱངས་དེ་ལ། །​རྒྱལ་མཚན་དག་ནི་དབུལ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་མྱ་ངན་བྲལ་བ་རྩིས་པའི་ཚེ། །​དེ་བཞིན་གཤེགས་པ་ངན་སོང་སྤོང་བ་ལ། །​མེ་ཏོག་རྣ་རྒྱན་དག་ནི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་རིན་ཆེན་འོད་ནི་དགེ་སློང་བསྙེན་བཀུར་བ། །​བྱེད་ཚེ་དེ་བཞིན་གཤེགས་པ་ལྷ་ཡི་མེ་ཏོག་ལ། །​མར་མེ་དག་ནི་རབ་ཏུ་དབུལ་བ་བྱས་ནས་ཀྱང་། །​དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་སྤྱོད་ལྡན་ཁྱིམ་བདག་ཚེ། །​བསླབ་པའི་གཞི་ལྔ་དག་ནི་བཟུང་ནས་ཀྱང་། །​དེ་བཞིན་གཤེགས་པ་སྤྱན་མཛེས་ལྡན་པ་ལ། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་བསོད་ནམས་སྟོབས་ནི་ཁྱིམ་བདག་ཚེ། །​དེ་བཞིན་གཤེགས་པ་སྒྲོན་མ་ཆེན་པོ་ལ། །​མལ་སྟན་ཤིང་བལ་ཅན་ནི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཡོན་ཏན་རྒྱ་མཚོ་ཤིང་རྟ་མཁན། །​བྱེད་ཚེ་བདེ་གཤེགས་བརྟུལ་ཞུགས་ཆེན་པོ་དེའི། །​གནས་ཁང་དག་ནི་བྱུག་པས་བྱུགས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་རྨད་བྱུང་སྣང་མ་པ་ཡི་ཚེ། །​དེ་བཞིན་གཤེགས་པ་གཟིགས་པ་བརྟན་དེ་ལ། །​སྣང་མ་དག་ནི་བལྟམ་སྟེ་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ང་སྤོང་རྒྱལ་པོའི་བཙུན་མོའི་ཚེ། །​དེ་བཞིན་གཤེགས་པ་མྱོས་པ་སྤོང་དེ་ལ། །​མེ་ཏོག་ལྡ་ལྡི་དག་ནི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་བདུད་བརླག་མཛད་པ་དམག་མིའི་ཚེ། །​དེ་བཞིན་གཤེགས་པ་མཚན་གྱི་མེ་ཏོག་ལ། །​མཆིལ་ལྷམ་དག་ནི་དབུལ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་བག་ཆགས་རྒལ་སྟབས་ཚོང་པའི་ཚེ། །​བདེ་གཤེགས་བསམ་གྱིས་མི་ཁྱབ་འོད་དེ་ལ། །​ཕྲེང་བ་དག་ལས་བྱས་པའི་བླ་རེ་ཕུལ། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་མི་ཕྱེད་བློ་མངའ་ཤན་པའི་ཚེ། །​དེ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14515#UT22084-045-001-14515