Degé Kangyur volume 45, F.322.a

རོང་དག་ཏུ་ཟམ་པ་བྱས་ནས་ཀྱང་། །​དེ་བཞིན་གཤེགས་པ་བདུད་རྩིའི་གྲགས་པ་ལ། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་སྒྲ་གཅན་བྲམ་ཟེའི་ཚེ། །​དེ་བཞིན་གཤེགས་པ་ཆོས་ཀྱི་མེ་ཏོག་གི། །​གདན་དག་ཡུད་ཙམ་གདིང་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་བདུད་རྩིའི་འོད་ནི་གཞན་བྲན་ཚེ། །​དེ་བཞིན་གཤེགས་པ་བཀོད་པ་ཆེན་པོ་ལ། །​ཉིན་མོ་བཞུགས་པའི་གནས་སུ་གདན་བཏིང་ནས། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་འཇིག་རྟེན་མཆོག་མ་ཚོང་དཔོན་གྱི། །​བུ་ཚེ་བདེ་གཤེགས་འཇིག་རྟེན་བླ་མ་ལ། །​དྷ་ནུ་སྐ་རིའི་མེ་ཏོག་གཏོར་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་སྐར་འོད་དེད་དཔོན་ཚེ། །​བདེ་གཤེགས་བློ་མཆོག་ལམ་དུ་ཞུགས་པ་ན། །​མཚན་མོ་རྩྭ་སྒྲོན་དག་ནི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཞི་བའི་སྟབས་ནི་རྒྱལ་པོའི་བུ། །​ཁང་བཟངས་འཛེག་ཚེ་བདེ་གཤེགས་ལྷུན་འོད་ལ། །​མེ་ཏོག་དག་གི་ཆུན་པོ་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཡེ་ཤེས་རྒྱ་མཚོ་མི་བཀྲེན་ཚེ། །​དེ་བཞིན་གཤེགས་པ་བདུད་རྩིའི་འོད་གཟི་ལ། །​སྐྱུ་རུམ་དག་ནི་དབུལ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་རི་དབང་ཕྲེང་རྒྱུད་བུ་མོའི་ཚེ། །​དེ་བཞིན་གཤེགས་པ་བྱང་ཆུབ་གཟི་བརྗིད་ལ། །​མེ་ཏོག་ཕྲེང་བ་ཁྲུ་གང་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་རབ་ཞི་སྨན་པའི་ཁྱེའུ་ཡི་ཚེ། །​དེ་བཞིན་གཤེགས་པ་དགོངས་པ་སྦྱངས་པ་ལ། །​སྙུན་གྱི་གསོས་སྨན་དག་ནི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཡོན་ཏན་མཐུ་སྟོབས་སྤྱད་རྫིའི་ཚེ། །​དེ་བཞིན་གཤེགས་པ་ཏོག་གི་འོད་དེ་ལ། །​ཙན་ཙ་ཏིཀ་དག་ནི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ལྷ་དབང་རྩིས་པའི་ཁྱེའུ་ཡི་ཚེ། །​དེ་བཞིན་གཤེགས་པ་དགྲ་ཐུལ་དེ་ལ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14497#UT22084-045-001-14497