Degé Kangyur volume 45, F.318.a

སྲན་གྲེའུ་ཕུལ་གསུམ་ཞིག་ནི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཡེ་ཤེས་གྱ་ནོམ་རྒྱལ་པོ་ཡི། །​ཕོ་ཉའི་ཚེ་ན་བདེ་གཤེགས་རྒྱལ་བ་ཡི། །​བཤེས་གཉེན་དེ་ལ་ལན་ཅིག་བསྐོར་བྱས་ནས། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བློ་ཞིབ་རྒྱལ་པོའི་བཙུན་མོའི་ཚེ། །​དེ་བཞིན་གཤེགས་པ་ལེགས་པར་གཟིགས་དེ་ལ། །​བུམ་པ་ཆུ་ཡིས་བཀང་སྟེ་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་གཟི་བྱིན་ཐམས་ཅད་དེད་དཔོན་ཚེ། །​དགེ་འདུན་མང་པོར་ཞལ་ཟས་གསོལ་ནས་ཀྱང་། །​དེ་བཞིན་གཤེགས་པ་རྙོག་པ་མེད་དོན་ལ། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་རྩི་སྨན་ལག་བླའི་ཚེ། །​དེ་བཞིན་གཤེགས་པ་རྟོགས་པའི་མཆོག་དེ་ལ། །​སྐྱུ་རུ་ར་དག་དབུལ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་རྣམ་གྲོལ་ཏོག་ནི་རྟེན་བཅས་ཚེ། །​འདམ་རྫབ་དག་ཏུ་ཟམ་པ་བཙུགས་ནས་ཀྱང་། །​དེ་བཞིན་གཤེགས་པ་མི་ཡི་ཟླ་བ་ལ། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་འོད་མཛོད་ཞིང་པའི་ཚེ། །​དེ་བཞིན་གཤེགས་པ་འོད་འབར་དེ་ལ་ནི། །​མེ་ཏོག་དམར་པོ་དག་ནི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཡེ་ཤེས་རྒྱལ་པོ་འབྲས་ས་ལུ། །​ཁུར་ཁྱེར་ཚེ་ན་བདེ་གཤེགས་ཀུན་འོད་ལ། །​མེ་ཏོག་ཀར་ནི་ཀ་དག་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་འཇིགས་མཛད་དཔའ་བོའི་ཚེ། །​དེ་བཞིན་གཤེགས་པ་བཀོད་པ་ཆེན་པོ་ལ། །​རྒྱལ་མཚན་དག་ནི་དབུལ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཆུ་བོ་སྤོང་ནི་གྲོང་རྡལ་བྱིས་པའི་ཚེ། །​དེ་བཞིན་གཤེགས་པ་སེང་གེའི་རྣམ་པར་བསྒྱིངས་པ་ཡི། །​སྟོབས་ལ་མེ་ཏོག་ཨུད་པལ་དག་གིས་གཏོར་ནས་ཀྱང་། །​དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཐོགས་མེད་གྲགས་པ་སློང་བའི་ཚེ། །​དེ་བཞིན་གཤེགས་པ་ལྷ་དགའ་དེ་ལ་ནི། །​མོ་ཙ་ན་དག་དབུལ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་བདེན་པའི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14489#UT22084-045-001-14489