Degé Kangyur volume 45, F.316.b

སྤོས་ལོའི་རིལ་བུ་དག་ནི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཡེ་ཤེས་མཐུ་རྩལ་ཤིང་སྲུངས་ཚེ། །​དེ་བཞིན་གཤེགས་པ་ཀུན་ཏུ་གསལ་དེ་ལ། །​ཀོ་བི་ད་རའི་མེ་ཏོག་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་འོད་འཕྲོ་དགེ་སློང་ཚེ། །​དེ་བཞིན་གཤེགས་པ་དབྱངས་ཀྱི་སྣོད་དེ་ལ། །​བུ་རམ་ཆུ་དག་དབུལ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་དབང་པོ་ཁྱིམ་བདག་ཚེ། །​དེ་བཞིན་གཤེགས་པ་དགའ་བའི་དཔལ་དེ་ལ། །​སྐྱེད་མོས་ཚལ་དག་དབུལ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཤུགས་འཆང་ཚོང་དཔོན་བུར་གྱུར་ཚེ། །​དེ་བཞིན་གཤེགས་པ་མཉམ་པར་གནས་པ་པོ། །​དེ་ལ་གདུགས་དག་དབུལ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་སྐར་རྒྱལ་འཁོར་ལོས་སྒྱུར་བའི་ཚེ། །​བདེ་གཤེགས་ཀུན་གྱི་བློ་དེ་འཁོར་བཅས་ཐེར་འབུམ་དག །​དབྱར་གནས་ཚེ་ན་ཕོངས་པ་མེད་པས་སྤྱན་དྲངས་ནས། །​དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་འོད་བཟང་ཚོང་པའི་ཚེ། །​དེ་བཞིན་གཤེགས་པ་མཐུ་རྩལ་ཆེན་པོ་ལ། །​སྦྲང་རྩི་ཅི་བཞེད་པ་དག་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་གྲགས་བྱིན་འཛམ་གླིང་རྒྱལ་པོའི་ཚེ། །​དེ་བཞིན་གཤེགས་པ་ཟླ་བའི་ཏོག་དེ་ཡི། །​གཙུག་ལག་ཁང་ནི་བྱེ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་གཟུགས་བཟང་སྤོས་འཚོང་ཚེ། །​དེ་བཞིན་གཤེགས་པ་བརྟུལ་ཞུགས་བརྟན་དེ་ལ། །​སྤོས་ནི་སྲང་གི་བཞི་ཆ་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་རྒྱལ་པོ་གསེར་རྟོག་ཚེ། །​དེ་བཞིན་གཤེགས་པ་ལྷ་ཡིས་མཆོད་དེ་ལ། །​ཁྲོན་པ་ཟླུམ་པོ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་དོན་གྲུབ་བྲམ་ཟེའི་ཚེ། །​དེ་བཞིན་གཤེགས་པ་ཐལ་བར་རློག་དེ་ལ། །​མཆོད་སྦྱིན་ཆེན་པོ་དག་ནི་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་སེང་གེའི་སྡེ་ནི་དབང་བློན་གྱི། །​བུ་ཚེ་དེ་བཞིན་གཤེགས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14486#UT22084-045-001-14486