Degé Kangyur volume 45, F.314.b

པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་རྡོ་རྗེའི་སྡེ་ནི་ཚོང་པའི་ཚེ། །​དེ་བཞིན་གཤེགས་པ་འཇིག་རྟེན་ཀུན་དགའ་ལ། །​ལྷུང་བཟེད་སྦྲང་རྩིས་བཀང་སྟེ་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཤེས་རབ་བརྩེགས་ནི་རྔོན་པའི་ཚེ། །​དེ་བཞིན་གཤེགས་པ་བྷར་ག་རྡོ་རྗེ་ཡི། །​ལམ་སྲང་དག་ནི་མཚོན་པ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་ལེགས་གནས་བྲམ་ཟེའི་ཚེ། །​དེ་བཞིན་གཤེགས་པ་སེང་གེའི་དབྱངས་དེ་ལ། །​བཻ་དཱུརྱ་ལས་བྱས་པའི་གདུགས་ཕུལ་ནས། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་བློ་སྦྱངས་ཕྲེང་རྒྱུད་ཚེ། །​དེ་བཞིན་གཤེགས་པ་སྐར་མའི་སྐབས་དེ་ལ། །​སྣ་མའི་མེ་ཏོག་བདུན་ཞིག་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཚངས་དབྱངས་ལམ་སྟོན་ཁྱེའུ་ཡི་ཚེ། །​དེ་བཞིན་གཤེགས་པ་དེད་དཔོན་དེ་ལ་ནི། །​གསེར་གྱི་མེ་ཏོག་དག་ནི་གཏོར་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཡོན་ཏན་མཆོག་ནི་ཞིང་པའི་ཚེ། །​དེ་བཞིན་གཤེགས་པ་མི་ཡི་ཟླ་བ་ལ། །​བལ་སྲན་སྔོན་པོ་སྤར་གང་གཏོར་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་འབྲུག་སྒྲ་དབྱངས་ནི་རྩིས་པ་ཡི། །​ཁྱེའུ་ཚེ་དེ་བཞིན་གཤེགས་པ་བཀོད་ཆེན་ལ། །​ཕྲེང་བའི་ཆུན་པོ་དག་ནི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་མངོན་ཤེས་ཏོག་ནི་རིགས་གཙོའི་ཚེ། །​དེ་བཞིན་གཤེགས་པ་ཉི་མའི་འོད་དེ་ལ། །​དར་དང་བདུག་པ་དག་ནི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་ཏོག་འོད་རྒྱལ་བུའི་ཚེ། །​དེ་བཞིན་གཤེགས་པ་མཛེས་དང་ལྡན་པ་དེའི། །​ཞབས་གཉིས་དག་ནི་བཀྲུ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་དགེ་བ་ཁྱིམ་བདག་ཚེ། །​བདེ་གཤེགས་སྲིད་མཐའ་ནོར་བུའི་སྤོས་དེ་ལ། །​དགུན་སྨད་སྦྱར་ཐུག་དག་ནི་གསོལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཚངས་པ་མཐིང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14482#UT22084-045-001-14482