Degé Kangyur volume 45, F.307.a
།ཕྱོགས་བཞིའི་དགེ་འདུན་དག་གི་བསམ་གཏན་ཁང་བརྩིགས་ནས། །དེ་བཞིན་གཤེགས་པ་མེ་ཏོག་མཆོག་མ་དེ་ལ་ནི། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཚངས་ཏོག་བྲམ་ཟེའི་བུ་ཡི་ཚེ། །དེ་བཞིན་གཤེགས་པ་འཇིག་རྟེན་དགའ་དེ་ལ། །ཀུ་ཤའི་ན་བཟའ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཚོགས་ཅན་གཙོ་བོ་བྲམ་ཟེའི་ཚེ། །དེ་བཞིན་གཤེགས་པ་གཟི་བརྗིད་དཔག་མེད་ལ། །རིལ་བ་ཆུ་ཡིས་བཀང་སྟེ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སེང་སྟབས་གླིང་གཅིག་རྒྱལ་པོའི་ཚེ། །དེ་བཞིན་གཤེགས་པ་བདེན་པའི་ཏོག་དེ་ལ། །རས་བཅོས་གདིང་བ་དཔག་ཚད་གཅིག་པ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དྲག་ཤུལ་བྱིན་ནི་ཚོང་དཔོན་གྱི། །ཆུང་མའི་ཚེ་ན་བདེ་གཤེགས་ཉི་འོད་ལ། །ཕྱེ་མ་སྤར་གང་དག་གིས་གཏོར་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཆོས་ཀྱི་དབང་ཕྱུག་ཕྲེང་རྒྱུད་ཚེ། །དེ་བཞིན་གཤེགས་པ་བདུད་རྩིའི་འོད་དེ་ལ། །མེ་ཏོག་ཆལ་པར་བཀྲམ་པ་ཀུན་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གཟི་བརྗིད་འོད་ནི་ལྷའི་བུའི་ཚེ། །དེ་བཞིན་གཤེགས་པ་སྟོན་པར་དགྱེས་པ་པོ། །བྱང་ཆུབ་སྙིང་པོར་བཞུགས་ལ་རྩྭ་གདན་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འོད་ཟེར་ཆེན་པོ་ཁྱིམ་བདག་ཚེ། །དེ་བཞིན་གཤེགས་པ་གསང་བར་དགྱེས་དེ་ལ། །རས་བཅོས་བྱེ་བ་སྙེད་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རིན་ཆེན་གྲགས་པ་རྒྱལ་བུའི་ཚེ། །དེ་བཞིན་གཤེགས་པ་དབྱིག་གི་འོད་ཟེར་ལ། །བླ་རེ་སྤོས་ཅན་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཚོགས་ཅན་གསལ་བ་རིན་ཆེན་འཚོང་བའི་ཚེ། །དེ་བཞིན་གཤེགས་པ་བསོད་ནམས་འབྱུང་གནས་དེ་ལ་ནི། །རིན་པོ་ཆེ་དག་སྤར་བ་བཀང་སྟེ་གཏོར་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གྲགས་པ་མཐའ་ཡས་དེད་དཔོན་གྱི།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14467#UT22084-045-001-14467