Degé Kangyur volume 45, F.306.a

དཔོན་གྱི། །​བུ་ཚེ་བདེ་གཤེགས་བསོད་ནམས་འཕགས་པ་ལ། །​དྷ་ནུ་སྐ་རའི་མེ་ཏོག་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་བདེན་སྤྱོད་སྤོས་འཚོང་ཚེ། །​དེ་བཞིན་གཤེགས་པ་ནོར་ལྷའི་བུ་གྲགས་ལ། །​སྤོས་ཀྱི་རི་ལུ་དག་ནི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་དགེ་མཆོག་རྒྱལ་པོ་རྒྱལ་པོའི་ཚེ། །​དེ་བཞིན་གཤེགས་པ་བཀོད་ཆེན་སངས་རྒྱས་དེ་ལ་སོགས། །​དགེ་སློང་དག་གི་དགེ་འདུན་སྤྱན་ནི་དྲངས་ནས་ཀྱང་། །​དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་སྐར་རྒྱལ་ཤིང་མཁན་ཚེ། །​དེ་བཞིན་གཤེགས་པ་ཟླ་བའི་འོད་ལྡན་པ། །​བདེ་གཤེགས་དེ་ལ་ཐལ་སྦྱར་ཕྱག་བྱས་ནས། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་འོད་ཟེར་ཆེན་པོ་ཚལ་གྱི་ལས། །​བྱེད་ཚེ་བདེ་གཤེགས་ལྷ་ཡི་འོད་ཟེར་ལ། །​ལྗོན་པའི་ཚོན་དག་སྦྱར་ཏེ་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་གློག་འོད་རྫ་མཁན་ཚེ། །​བདེ་གཤེགས་འོད་གསལ་དེ་ལ་ཟླ་བ་བཞིར། །​བུམ་པ་ཆུ་ཡིས་བཀང་སྟེ་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་རྒྱ་ཆེན་ནད་པའི་ཚེ། །​དེ་བཞིན་གཤེགས་པ་བསོད་ནམས་དགྱེས་དེ་ལ། །​ལྕགས་ཀྱི་སྣོད་དག་དབུལ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་རིན་པོ་ཆེ་ནི་ཚོང་དཔོན་གྱི། །​བུ་ཚེ་བདེ་གཤེགས་སེང་གེའི་བློ་གྲོས་ལ། །​མུ་ཏིག་དག་གི་ཆུན་ཕྲེང་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་དཔལ་འོད་སྤོས་འཚོང་གི། །​བུ་ཚེ་དེ་བཞིན་གཤེགས་པ་ས་གཙོ་ལ། །​ཕྱེ་མས་བཀང་བའི་ཨུད་པལ་ན་བཟའ་ཕུལ། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་གོ་ཆ་བགོས་པ་ལྷའི་བུའི་ཚེ། །​དེ་བཞིན་གཤེགས་པ་རིན་ཆེན་འོད་དེ་ལ། །​བསྟོད་པ་དག་གིས་བསྟོད་པ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་སེང་གེའི་ཕྱག་ནི་ཚལ་གྱི་ལས། །​བྱེད་ཚེ་བདེ་གཤེགས་འོད་ཟེར་བཟང་པོ་ལ། །​མེ་ཏོག་དག་གི་ཕུར་མ་ཕུལ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14465#UT22084-045-001-14465