Degé Kangyur volume 45, F.302.b
།བདེ་གཤེགས་རབ་གསལ་རྒྱལ་པོ་སྤོང་བརྩོན་པའི། །དགེ་སློང་ཚེ་ན་བདེ་གཤེགས་དཔག་མེད་པའི། །ལྷ་ལ་ཨ་ཡོ་ག་དག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཁ་ལོ་སྒྱུར་བ་དེད་དཔོན་ཚེ། །དེ་བཞིན་གཤེགས་པ་འཕགས་པའི་མེ་ཏོག་ལ། །ཙན་དན་དམར་པོའི་ཁང་བཟངས་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དགའ་བའི་དབང་ཕྱུག་ཕྱུག་པོའི་ཚེ། །དེ་བཞིན་གཤེགས་པ་མཆོད་སྦྱིན་ཆེན་པོ་ལ། །རོལ་མོའི་སྒྲ་ཡིས་མཆོད་པ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གཙུག་ན་རིན་ཆེན་རྩིས་པ་ཡི། །ཁྱེའུ་ཚེ་དེ་བཞིན་གཤེགས་པ་ཏོག་ཆེན་ལ། །མཚུངས་པ་མེད་པའི་ཕྱེ་མ་གཏོར་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་བསྙེངས་བྲལ་རྩྭ་འཚོང་ཚེ། །དེ་བཞིན་གཤེགས་པ་ཉི་མའི་འོད་དེ་ལ། །ཀ་པིད་ཏ་ཡི་ཕུར་མ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྒྲ་གཅན་ལྷ་ནི་ཤིང་འཚོང་ཚེ། །དེ་བཞིན་གཤེགས་པ་རིན་ཆེན་འོད་དེ་ལ། །རྩྭ་ལས་བྱས་པའི་མཆིལ་ལྷམ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ན་ཚོད་བཟང་པོ་གྲོང་སྲུངས་ཚེ། །གྲོང་ཁྱེར་དག་གི་སྒོ་ནི་ཕྱེ་ནས་ཀྱང་། །དེ་བཞིན་གཤེགས་པ་རྨ་བྱའི་ང་རོ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ལྷ་དགའ་སྨན་པའི་ཚེ། །དེ་བཞིན་གཤེགས་པ་ཀུན་ཏུ་རྣམ་རྒྱལ་ལ། །ཤི་རི་ཤ་ཡི་མེ་ཏོག་གཏོར་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རིན་ཆེན་ཕུང་པོ་སྨད་འཚོང་མའི། །གཙོ་མོའི་ཚེ་ན་བདེ་གཤེགས་འབྱོར་འོད་ལ། །ན་བ་མ་ལའི་མེ་ཏོག་གཏོར་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཛེས་གཤེགས་ཚོང་དཔོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་སྤྱན་ནི་མཐའ་ཡས་ལ། །ཨུད་པ་ལ་ནི་གཅིག་ཅིག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སེང་ཕྱོགས་བཙོ་བླག་མཁན་གྱི་ཚེ། །དེ་བཞིན་གཤེགས་པ་སྙན་པར་དགྱེས་དེ་ཡི། །ན་བཟའ་བཀྲུ་བཤལ་དག་ནི་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཤིན་ཏུ་མཐོར་གཤེགས་གླང་པོ་ཆེའི། །
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14458#UT22084-045-001-14458