Degé Kangyur volume 45, F.277.b

ཆགས་དྲི་ལས་གྲོལ་བ་པོ། །​ཐེར་འབུམ་ཕྲག་ནི་དྲུག་ཅུ་དྲུག་ཅུ་ཡོད། །​མི་ཚེ་ལོ་གྲངས་དྲུག་ཁྲི་ལྔ་སྟོང་ཡིན། །​དམ་པའི་ཆོས་དག་ལོ་གྲངས་སྟོང་ཕྲག་ནི། །​དྲུག་ཅུ་རྩ་ལྔའི་བར་དུ་གནས་པར་འགྱུར། །​སྐུ་གདུང་མཆོད་རྟེན་དཔག་ཚད་བརྒྱ་པ་གཅིག །​རིན་ཆེན་པད་མ་དག་གིས་འཁོར་བར་བསྐོར། །​དེ་བཞིན་གཤེགས་པ་གསལ་བ་སྐྱེ་བ་ཡི། །​ཡུལ་ནི་ལྷ་རྣམས་དད་པར་བྱེད་ཅེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །​སུམ་ཅུ་རྩ་གཅིག་ཡབ་ནི་མཐུ་རྩལ་ཡིན། །​ཟླ་བའི་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་འཇིགས་མེད་ཆགས་མེད་རིམ་གྲོ་པ། །​རླུང་ལྟར་འགྲོ་ཞེས་བྱ་བ་མཁས་པ་སྟེ། །​ཐེ་ཙོམ་རྣམ་པར་གྲོལ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་ཉི་ཤུ་བཞི་ཀུན་ལའང་། །​བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་དང་། །​གཞན་ཡང་བྱེ་བ་འབུམ་ཕྲག་ལྔ་ལྔ་ཡོད། །​མི་ཚེ་ལོ་གྲངས་ཉི་ཁྲི་བཞི་སྟོང་ཡིན། །​མྱ་ངན་འདས་པ་དེ་ཡི་དམ་ཆོས་དག །​ལོ་གྲངས་བདུན་ཁྲི་དྲུག་སྟོང་བར་དུ་གནས། །​ལྷ་མི་དག་ལ་ཕན་དང་བདེ་བའི་ཕྱིར། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་པར་འགྱུར། །​དེ་བཞིན་གཤེགས་པ་སྐལ་ལྡན་ཤིང་རྟ་ཅན། །​སྐྱེ་ཡུལ་བདེན་ལ་དད་པར་བྱེད་ཅེས་བྱ། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་བརྒྱ་ཡོད་གནས་པའི་དབང་པོ་ཡབ། །​འཕགས་པའི་དོན་ཅེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་དད་བྱེད་དཔའ་བོ་རིམ་གྲོ་པ། །​བདུད་རྩིའི་འོད་ཅེས་བྱ་བ་མཁས་པ་སྟེ། །​འབྱོར་པར་གནས་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་གཉིས་ཀུན་ལའང་། །​དགྲ་བཅོམ་ཐམས་ཅད་ཟག་པ་ཟད་པ་པོ། །​ཐེར་འབུམ་ཕྲག་ནི་ལྔ་ལྔ་འདུས་པར་འགྱུར། །​མི་ཚེ་ལོ་གྲངས་དྲུག་ཁྲི་དྲུག་སྟོང་ཡིན། །​མྱ་ངན་འདས་པར་ཕྱིན་པའི་དམ་ཆོས་དག །​ལོ་གྲངས་དྲུག་ཁྲི་དྲུག་སྟོང་བར་དུ་གནས། །​སྐུ་གདུང་མཆོད་རྟེན་དཔག་ཚད་གསུམ་པ་གཅིག །​གསེར་གྱི་རྒྱལ་མཚན་དག་གིས་འཁོར་བར་བསྐོར། །​སེམས་ཅན་སྙིང་པོ་བསོད་ནམས་བློ་གྲོས་ཀྱི། །​སྐྱེ་ཡུལ་ལྷ་རྣམས་དད་པར་བྱེད་ཅེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14408#UT22084-045-001-14408