Degé Kangyur volume 45, F.268.b

རྒྱུ་སྐར་ཏོག་ཅེས་བྱའོ། །​ཡུམ་ནི་བདེ་སྟོབས་གྲགས་ཞེས་བྱའོ། །​སྲས་ནི་བག་ཡོད་གཟི་བརྗིད་ཅེས་བྱའོ། །​རིམ་གྲོ་པ་ནི་མཁས་བརྩོན་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བློ་གྲོས་བདེན་པ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྤོས་ཀྱི་དབང་ཕྱུག་རྒྱལ་པོ་ཞེས་བྱའོ། །འདུས་པ་ནི་ལན་དགུ་བཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་དགུ་བཅུ་རྩ་བཞི་བཞིའོ། །​སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བཞི་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་དག་པར་མཛད་པ་སྐྱེ་བའི་ཡུལ་ནི་གཟི་བརྗིད་ཀྱིས་བརྒྱན་པ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་དྲུག་ཁྲི་བདུན་སྟོང་ངོ་། །​ཡབ་ནི་རིན་ཆེན་མེ་ཏོག་ཅེས་བྱའོ། །​ཡུམ་ནི་ཡོན་ཏན་རིན་ཆེན་མེ་ཏོག་ཅེས་བྱའོ། །​སྲས་ནི་སེང་གེའི་བློ་གྲོས་གྲགས་པ་ཞེས་བྱའོ། །​རིམ་གྲོ་པ་ནི་གཡོ་བ་མེད་པར་གནས་པ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཟླ་བའི་སྙིང་པོ་དཔལ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མངོན་པར་ཤེས་པས་རྣམ་པར་བརྩེ་བ་ཞེས་བྱའོ། །​འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་བཞི་བཞིའོ། །​སྐུ་ཚེའི་ཚད་ནི་ལོ་བཞི་ཁྲི་བཞི་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་བཞི་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་ཚོགས་ཅན་གྲོལ་བའི་རྒྱལ་པོ་སྐྱེ་བའི་ཡུལ་ནི་རིན་པོ་ཆེའི་མཆོག་ཅེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་ལྔ་ཁྲིའོ། །​ཡབ་ནི་ལུས་པ་མེད་པའི་བློ་ཞེས་བྱའོ། །​ཡུམ་ནི་ཀུན་ཏུ་རིན་ཆེན་ཞེས་བྱའོ། །​སྲས་ནི་མེ་ཏོག་གཟི་བརྗིད་ཅེས་བྱའོ། །​རིམ་གྲོ་པ་ནི་ཚྭ་རྒོ་བྱིན་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྲིད་པའི་སྲེད་པ་འཇོམས་པ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཛིན་པ་དཔག་མེད་ཅེས་བྱའོ། །​འདུས་པ་ནི་ལན་དྲུག་ཅུ་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་བདུན་བདུན་ནོ། །​སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་སུམ་སྟོང་ངོ་། །​དམ་པའི་ཆོས་ཀྱང་ལོ་དྲུག་ཁྲི་སུམ་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་དགའ་བའི་འོད་སྐྱེ་བའི་ཡུལ་ནི་བྱང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14390#UT22084-045-001-14390