Degé Kangyur volume 45, F.267.b

རྫོགས་འདུ་ཤེས་བརྟན་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐོང་དགའ་བེའུ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བློ་གྲོས་སྐྱོན་མེད་ཅེས་བྱའོ། །​འདུས་པ་ནི་ལན་སུམ་ཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་དགུའོ། །​སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་བཞི་སྟོང་ངོ་། །​དམ་པའི་ཆོས་ཀྱང་ལོ་དགུ་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་རྨད་དུ་བྱུང་བ་སྐྱེ་བའི་ཡུལ་ནི་མཆོད་གནས་སྤྱོད་ཅེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བརྒྱད་ཅུའོ། །​ཡབ་ནི་གྲགས་པ་མཐའ་ཡས་ཞེས་བྱའོ། །​ཡུམ་ནི་ཉི་མའི་སྙིང་པོ་གཟི་བརྗིད་ཅེས་བྱའོ། །​སྲས་ནི་ཡིད་འོང་གྲགས་པའི་རྒྱལ་མཚན་ཞེས་བྱའོ། །​རིམ་གྲོ་པ་ནི་ཕན་ལྡན་བློ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཁས་པ་ལྷ་རྫས་རྫོགས་པ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དྲེགས་འགྲོ་ཞེས་བྱའོ། །​འདུས་པ་ནི་ལན་དགུ་བཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་སྟོང་ཕྲག་བཅུ་བཅུའོ། །​སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །​དམ་པའི་ཆོས་ནི་ལོ་དགུ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་ང་རྒྱལ་སྤོང་སྐྱེ་བའི་ཡུལ་ནི་གཟི་བརྗིད་རྫོགས་པ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སུམ་ཁྲི་ལྔ་སྟོང་ངོ་། །​ཡབ་ནི་ཡུལ་འཁོར་ལྷ་ཞེས་བྱའོ། །​ཡུམ་ནི་བློ་གྲོས་བསོད་ནམས་ཏོག་ཅེས་བྱའོ། །​སྲས་ནི་མཐའ་ཡས་འོད་ཅེས་བྱའོ། །​རིམ་གྲོ་པ་ནི་མཚན་གྱི་གཟི་བརྗིད་མེ་ཏོག་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སེང་གེའི་བློ་གྲོས་གྲགས་པ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རབ་མཆོག་གསལ་བ་ཞེས་བྱའོ། །​འདུས་པ་ནི་ལན་དྲུག་ཅུ་སྟེ། ཐམས་ཅད་ལ་ཡང་འབུམ་ཕྲག་བཅུ་དྲུག་བཅུ་དྲུག་གོ། །​སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །​དམ་པའི་ཆོས་ནི་ལོ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་བདུད་བརླག་པར་མཛད་པ་སྐྱེ་བའི་ཡུལ་ནི་བྱང་ཆུབ་བཀོད་པ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་འབུམ་མོ། །​ཡབ་ནི་རིན་ཆེན་གཟི་བརྗིད་ཀུན་ཏུ་སྦེད་ཅེས་བྱའོ། །​ཡུམ་ནི་བཀོད་པ་དཔག་ཏུ་མེད་པའི་རྒྱལ་པོ་ཞེས་བྱའོ། །​སྲས་ནི་རྣམ་པར་བརྩེ་བའི་ང་རོ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14388#UT22084-045-001-14388