Degé Kangyur volume 45, F.263.a

རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་སུམ་ཁྲི་བཞི་སྟོང་ངོ་། །​ཡབ་ནི་ལེགས་བཟང་ཞེས་བྱའོ། །​ཡུམ་ནི་གཟི་བརྗིད་མཐའ་ཡས་མཐོང་ཞེས་བྱའོ། །​སྲས་ནི་འཇིག་རྟེན་མཆོད་ཅེས་བྱའོ། །​རིམ་གྲོ་པ་ནི་ཀུན་ཏུ་སྦེད་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བློ་གྲོས་མཐའ་ཡས་གྲགས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཉམ་པ་དང་མི་མཉམ་པའི་བློ་ཞེས་བྱའོ། །​འདུས་པ་ནི་ལན་དགུ་བཅུ་རྩ་གཉིས་ཏེ། ཐམས་ཅད་ལ་ཡང་ས་ཡ་ཕྲག་བརྒྱད་བརྒྱད་དོ། །​སྐུ་ཚེའི་ཚད་ནི་ལོ་བཞི་ཁྲིའོ། །​དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་སྤོས་ཀྱི་འོད་སྐྱེ་བའི་ཡུལ་ནི་བདུད་རྩིའི་སྤོས་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་ལྔ་སྟོང་དྲུག་བརྒྱའོ། །​ཡབ་ནི་བདུད་ཟིལ་གྱིས་གནོན་པ་ཞེས་བྱའོ། །​ཡུམ་ནི་ཡུལ་འཁོར་ལྷ་ཆེན་ཞེས་བྱའོ། །​སྲས་ནི་འབྱོར་གྲགས་ཞེས་བྱའོ། །​རིམ་གྲོ་པ་ནི་འཕགས་བྱིན་འོད་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་མི་གཡོ་བ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལྷ་མཆོག་སེམས་པའི་དབྱངས་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་བརྒྱད་འབུམ་མོ། །​གཉིས་པ་ལ་ནི་དགུ་འབུམ་མོ། །​གསུམ་པ་ལ་ནི་ས་ཡའོ། །​སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་བདུན་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་དུས་མཁྱེན་འོད་སྐྱེ་བའི་ཡུལ་ནི་རྣམ་པར་འབྱེད་པའི་སྡེ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་བརྒྱའོ། །​ཡབ་ནི་གྲགས་པ་མཆོག་ཅེས་བྱའོ། །​ཡུམ་ནི་སེང་གེའི་ང་རོ་ཞེས་བྱའོ། །​སྲས་ནི་ཕྱོགས་མཆོད་ཅེས་བྱའོ། །​རིམ་གྲོ་པ་ནི་དྲང་སྲོང་བློ་གྲོས་འགྲོ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བཤེས་གཉེན་མཐའ་ཡས་སྟོབས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཛེས་བྱིན་ཞེས་བྱའོ། །​འདུས་པ་ནི་ལན་འབུམ་སྟེ། རེ་རེ་པོ་ཐམས་ཅད་ལ་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་དོ། །​སྐུ་ཚེའི་ཚད་ནི་ལོ་བྱེ་བའོ། །​དམ་པའི་ཆོས་ཀྱང་ལོ་བྱེ་བའི་བར་དུ་གནས་སོ། །​སྐུ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14379#UT22084-045-001-14379