Degé Kangyur volume 45, F.257.a

འདུས་པ་ནི་ལན་དགུ་བཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་དགུ་བཅུ་དགུ་བཅུའོ། །​སྐུ་ཚེའི་ཚད་ནི་ལོ་དགུ་ཁྲིའོ། །​དམ་པའི་ཆོས་ཀྱང་ལོ་དགུ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ནི་དཔག་ཚད་བཅུ་དྲུག་པ་སྟེ་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་ལྷ་མང་པོས་སྙན་པར་གྲགས་པ་སྐྱེ་བའི་ཡུལ་ནི་གྲགས་པ་མཐའ་ཡས་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བརྒྱད་ཅུའོ། །​ཡབ་ནི་ལྷ་དགའ་ཕྲུག་གུ་ཞེས་བྱའོ། །​ཡུམ་ནི་པད་མ་དཀར་པོའི་སྤོས་ཞེས་བྱའོ། །​སྲས་ནི་སེང་གེའི་སྟབས་གནས་གཟི་བརྗིད་ཅེས་བྱའོ། །​རིམ་གྲོ་པ་ནི་ཟླ་དཔལ་བླ་མ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རྒྱན་བཀོད་པའི་རྒྱལ་པོ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བདེ་གནས་ཕྲུག་གུ་སྡུག་ཅེས་བྱའོ། །​འདུས་པ་ནི་ལན་ལྔ་བཅུ་སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཕྲག་ལྔ་བཅུ་རྩ་དྲུག་དྲུག་གོ། །​སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲིའོ། །​དམ་པའི་ཆོས་ཀྱང་ལོ་དྲུག་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་རིན་པོ་ཆེའི་སྟབས་སྐྱེ་བའི་ཡུལ་ནི་རིན་པོ་ཆེའི་འོད་ཅེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་འབུམ་མོ། །​ཡབ་ནི་ཡུལ་འཁོར་དྲི་མ་མེད་ཅེས་བྱའོ། །​ཡུམ་ནི་གཙུག་ན་རིན་པོ་ཆེ་ཞེས་བྱའོ། །​སྲས་ནི་ཆོས་འོད་ཅེས་བྱའོ། །​རིམ་གྲོ་པ་ནི་སྒྲ་དབྱངས་མཆོག་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་དགའ་བས་མཆོད་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྐྱོན་མེད་རིན་ཆེན་ཞེས་བྱའོ། །​འདུས་པ་ནི་ལན་བཞི་བཅུ་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་གསུམ་གསུམ་མོ། །​སྐུ་ཚེའི་ཚད་ནི་ལོ་སུམ་ཁྲིའོ། །​དམ་པའི་ཆོས་ཀྱང་ལོ་སུམ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ནི་དཔག་ཚད་བཅུ་བཞི་པ་སྟེ་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་ཕྱག་ན་པད་མ་བསྣམས་པ་སྐྱེ་བའི་ཡུལ་ནི་རིན་པོ་ཆེ་བཀོད་པ་མཐའ་ཡས་པ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །འོད་ནི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ལྔ་བཅུ་རྩ་བཞི་ཙམ་མོ། །​ཡབ་ནི་གནས་པ་ལས་འདས་པ་ཞེས་བྱའོ། །​ཡུམ་ནི་སྐྱོན་མེད་སེམས་ཞེས་བྱའོ། །​སྲས་ནི་གཟི་བརྗིད་ཉི་མ་གསལ་ཞེས་བྱའོ། །​རིམ་གྲོ་པ་ནི་དགའ་བ་སྣ་ཚོགས་ལ་གནས་པར་གྲགས་པ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14367#UT22084-045-001-14367