Degé Kangyur volume 45, F.239.a

བཞིན་གཤེགས་པ་བསྙེངས་དང་བྲལ་བ་ཡི། །​སྐྱེ་བའི་ཡུལ་ནི་མི་འཇིགས་སྦྱིན་ཞེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་དྲུག་ཅུ་ཡབ་ནི་སྐྲག་མེད་ཡིན། །​ཀླུ་འོད་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་དགའ་བྱེད་མཐུ་རྩལ་རིམ་གྲོ་པ། །​གནོད་མེད་པ་ཞེས་བྱ་བ་མཁས་པ་སྟེ། །​འཇིགས་པ་མེད་པའི་མཆོད་རྟེན་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བདུན་ཅུ་དྲུག་ཀུན་ལའང་། །​ཆ་གཉིས་དག་ལས་རྣམ་གྲོལ་མི་སློབ་པ། །​བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་བདུན་ཁྲི་བཞི་སྟོང་ཡིན། །​མྱ་ངན་འདས་པ་དེ་ཡི་དམ་ཆོས་དག །​ལོ་གྲངས་སྟོང་ཕྲག་བཅུ་བཞིའི་བར་དུ་གནས། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​འཇིག་རྟེན་ཁམས་རྣམས་ཐམས་ཅད་གང་བར་འགྱུར། །​བདེ་བར་གཤེགས་པ་ཡེ་ཤེས་བཞེད་པ་ཡི། །​སྐྱེ་ཡུལ་ཡེ་ཤེས་རྣམ་པར་སྒྲོགས་ཞེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་གསུམ་ཡོད་ཡབ་ནི་ལེགས་ཤེས་ལྡན། །​ཡེ་ཤེས་ལྷུན་གྲུབ་མ་ནི་རྒྱལ་བའི་ཡུམ། །​སྲས་པོ་ཤེས་མཆོག་ནུས་ལྡན་རིམ་གྲོ་པ། །​ཡེ་ཤེས་རི་བོ་ཞེས་བྱ་མཁས་པ་སྟེ། །​ཡེ་ཤེས་མཐོང་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་ཉི་ཤུ་གཉིས་ཀུན་ལའང་། །​པད་མ་ལྟ་བུར་སྲིད་པས་མི་གོས་པ། །​བྱེ་བ་ཕྲག་ནི་སུམ་ཅུ་དྲུག་དྲུག་ཡོད། །​མི་ཚེ་ལོ་གྲངས་སྟོང་ཕྲག་བཅྭ་ལྔ་ཡིན། །​དམ་ཆོས་ལོ་གྲངས་དྲུག་ཁྲི་དྲུག་སྟོང་གནས། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་བཅུ་པ་རིན་པོ་ཆེས་སྤྲས་ཤིང་། །རྣ་རྒྱན་དག་གིས་མཛེས་བྱས་གསེར་གྱིས་སྤྲས། །​དེ་བཞིན་གཤེགས་པ་སྤོབས་པའི་སྤྱན་དག་གི། །​སྐྱེ་བའི་ཡུལ་ནི་འཇིག་རྟེན་མཐོང་ཞེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །​སུམ་ཅུ་རྩ་གསུམ་ཡབ་ནི་སྤྱན་ལེགས་ཡིན། །​མིག་སྡུག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་གཉེན་པོ་བློ་ཆེན་རིམ་གྲོ་པ། །​སྤོབས་པའི་སྙིང་སྟོབས་བློ་གྲོས་ཅན་ཡིན་ཏེ། །​རྣམ་པར་གྲོལ་བར་གནས་པ་རྫུ་འཕྲུལ་ཅན། །​འདུས་པ་དག་ནི་ལན་གྲངས་དྲུག་ཅུ་སྟེ། །​འབྲས་བུའི་མཆོག་མ་དགྲ་བཅོམ་ཐོབ་པ་པོ། །​འབུམ་ཕྲག་ཉི་ཤུ་རྩ་ནི་གཉིས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14331#UT22084-045-001-14331