Degé Kangyur volume 45, F.232.b

སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ཟླ་བ་སྐྱེ་བའི་ཡུལ་ནི་ཚིག་ལ་མངོན་པར་དགའ་བ་ཅན་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་སུམ་ཅུའོ། །​ཡབ་ནི་འཇིག་རྟེན་པས་བསྔགས་པ་ཞེས་བྱའོ། །​ཡུམ་ནི་སེམས་གསལ་མ་ཞེས་བྱའོ། །​སྲས་ནི་འཇིག་རྟེན་ཀུན་མཆོག་ཅེས་བྱའོ། །​རིམ་གྲོ་པ་ནི་མཆོག་གི་ཡེ་ཤེས་རྒྱལ་པོ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་གྲགས་པ་འོད་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྲིད་པའི་རྒྱ་མཚོ་ཐམས་ཅད་ལས་རྒལ་བའི་བློ་ཅན་ཞེས་བྱའོ། །​ཉན་ཐོས་འདུས་པ་ནི་ལན་ལྔ་བཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་རེ་རེའོ། །​སྐུ་ཚེའི་ཚད་ནི་ལོ་ཁྲི་དྲུག་སྟོང་ངོ་། །​དམ་པའི་ཆོས་ཀྱང་ལོ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་དྲན་པའི་འོད་སྐྱེ་བའི་ཡུལ་ནི་དྲན་པའི་གོ་བགོས་པ་གནས་ཀྱི་མཆོག་ཅེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ལྔ་བཅུ་ཙམ་མོ། །​ཡབ་ནི་བསྐལ་པ་གྲངས་མེད་མཐོང་བར་སེམས་ཞེས་བྱའོ། །​ཡུམ་ནི་དུས་གསུམ་མཉམ་ཉིད་བློ་ཞེས་བྱའོ། །​སྲས་ནི་རིན་པོ་ཆེའི་ཚོགས་ཀྱི་མཛོད་ཅེས་བྱའོ། །​རིམ་གྲོ་པ་ནི་སངས་རྒྱས་ཀྱི་ཡོན་ཏན་གྱིས་རྣམ་པར་རྩེ་བའི་ང་རོ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མྱ་ངན་སེལ་བ་བག་ཚ་བ་མེད་པ་ཐོབ་པ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཐོས་པ་ཐམས་ཅད་ཀྱིས་རྣམ་པར་སྤྲུལ་པ་བཀོད་པ་ཞེས་བྱའོ། །འདུས་པ་ནི་ལན་བརྒྱ་སྟེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཐེར་འབུམ་ཕྲག་སུམ་ཅུ་སྙེད་དོ། །​སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་ཉིས་སྟོང་ངོ་། །​དམ་པའི་ཆོས་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ལོ་ཁྲི་ཉིས་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་དགེ་བའི་འོད་དག་གི། །​སྐྱེ་བའི་ཡུལ་ནི་འཇིག་རྟེན་མཁས་ཞེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །​སུམ་ཅུ་རྩ་གཉིས་ཡབ་ནི་ལེགས་སེམས་ཡིན། །​ཡོན་ཏན་བུ་ནི་རྒྱལ་ཡུམ་ཡོན་ཏན་སེམས། །​སྲས་ཡིན་ཡོན་ཏན་ནོར་ནི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14318#UT22084-045-001-14318