Degé Kangyur volume 45, F.232.a

ཀྱི་མཆོག་ནི་རིན་ཆེན་བཀོད་པའི་གོ་གྱོན་སེང་གེ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཕྱོགས་བཅུ་མཐོང་བས་རྣམ་པར་རྩེ་བའི་མངོན་པར་ཤེས་པ་ཞེས་བྱའོ། །​ཉན་ཐོས་འདུས་པ་ནི་ལན་ཉི་ཤུ་རྩ་གཉིས་ཏེ། ཐམས་ཅད་ལ་ཡང་ཐེར་འབུམ་ཐེར་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །​དམ་པའི་ཆོས་ཀྱང་ལོ་བདུན་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་མེ་ཏོག་སྐྱེ་བའི་ཡུལ་ནི་རིན་པོ་ཆེའི་མེ་ཏོག་གིས་རབ་ཏུ་བརྒྱན་པ་ཅེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བརྒྱད་ཅུ་རྩ་བཞིའོ། །​ཡབ་ནི་རིན་པོ་ཆེའི་མེ་ཏོག་ཐམས་ཅད་སྣང་བ་ཞེས་བྱའོ། །​ཡུམ་ནི་རིན་པོ་ཆེའི་མེ་ཏོག་གིས་རབ་ཏུ་བརྒྱན་པའི་གཟི་བརྗིད་ཕུང་པོ་ཞེས་བྱའོ། །​སྲས་ནི་འཁྲུལ་པ་མེད་པའི་སེམས་ཞེས་བྱའོ། །​རིམ་གྲོ་པ་ནི་མཐུ་རྩལ་ལེགས་པར་སྤྱོད་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་ལྟ་བས་མཆོད་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བརྡ་སྐད་ཐམས་ཅད་ཀྱི་རྒྱལ་པོ་ཞེས་བྱའོ། །​ཉན་ཐོས་འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་བཅུ་གཉིས་བཅུ་གཉིས་སོ། །​སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །​དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་ལྷའི་རྒྱལ་པོ་སྐྱེ་བའི་ཡུལ་ནི་དགའ་བའི་ཉི་མ་བཀོད་པ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་སྟོང་ངོ་། །​ཡབ་ནི་ལྷ་དད་རབ་བརྒྱན་ཅེས་བྱའོ། །​ཡུམ་ནི་རིན་ཆེན་ལྷའི་སྙིང་པོ་ཞེས་བྱའོ། །​སྲས་ནི་ངན་སོང་ལས་འདས་པར་སེམས་པ་ཞེས་བྱའོ། །​རིམ་གྲོ་པ་ནི་ཆགས་མེད་སྤོབས་པ་བརྩེགས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མངོན་པར་ཤེས་པའི་རྒྱལ་པོ་བྱང་ཆུབ་འཕགས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་པ་ཐམས་ཅད་མགུ་ཞིང་མངོན་པར་དགའ་བར་སེམས་པ་ཞེས་བྱའོ། །​ཉན་ཐོས་འདུས་པ་ནི་ལན་བརྒྱད་ཅུ་སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཐེར་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་ཉིས་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14317#UT22084-045-001-14317