Degé Kangyur volume 45, F.229.a

ཟད་དོ། །​དེ་བཞིན་གཤེགས་པ་མཆོག་གསུང་སྐྱེ་བའི་ཡུལ་ནི་ཤིན་ཏུ་བལྟ་ན་གསལ་བ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བརྒྱའོ། །​ཡབ་ནི་འོད་མཆོག་དཔལ་ཞེས་བྱའོ། །​ཡུམ་ནི་ཟིལ་གྱིས་མི་ནོན་པའི་མདོག་ཅན་ཞེས་བྱའོ། །​སྲས་ནི་རྣམ་གྲགས་རྒྱལ་པོ་ཞེས་བྱའོ། །​རིམ་གྲོ་པ་ནི་བདུད་རྩིའི་སྒྲོན་མ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་མཐའ་ཡས་སྤྱད་པའི་བློ་ཅན་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྒྲ་ལ་ཆགས་པ་མེད་པར་སྟོན་པའི་བློ་གྲོས་ཞེས་བྱའོ། །​ཉན་ཐོས་འདུས་པ་ནི་ལན་བདུན་ཅུ་རྩ་བརྒྱད་དེ། ཐམས་ཅད་ལ་ཡང་འབུམ་ཕྲག་བརྒྱད་ཅུ་རྩ་བརྒྱད་བརྒྱད་དོ། །​སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །​དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་མཆོད་འོས་སྐྱེ་བའི་ཡུལ་ནི་གཟི་བརྗིད་མཐའ་ཡས་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་བརྒྱད་བརྒྱའོ། །​ཡབ་ནི་དོན་དཔྱོད་ཅེས་བྱའོ། །​ཡུམ་ནི་སྐར་འོད་ཅན་ཞེས་བྱའོ། །​སྲས་ནི་འཇིག་རྟེན་དགའ་ཞེས་བྱའོ། །​རིམ་གྲོ་པ་ནི་འཕགས་པ་དད་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འགྲོ་བས་མཆོག་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཤེས་རབ་སྤོབས་པ་རྣམ་པར་ངེས་པའི་རྒྱལ་པོ་ཞེས་བྱའོ། །​ཉན་ཐོས་འདུས་པ་ནི་ལན་བརྒྱད་ཅུ་རྩ་བཞི་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་གསུམ་གསུམ་མོ། །​སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བཞི་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་སྐར་རྒྱལ་སྐྱེ་བའི་ཡུལ་ནི་གཟི་བརྗིད་མཐའ་ཡས་འོད་ཅེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་སུམ་ཅུ་ཙམ་མོ། །​ཡབ་ནི་ཡོན་ཏན་རིན་ཆེན་ཏོག་འོད་གྲགས་ཞེས་བྱའོ། །​ཡུམ་ནི་སྤོབས་པའི་རྒྱན་བཀོད་པའི་རྒྱལ་མོ་ཞེས་བྱའོ། །​སྲས་ནི་ཡོན་ཏན་རིན་ཆེན་མངོན་པར་ཤེས་པ་ཞེས་བྱའོ། །​རིམ་གྲོ་པ་ནི་བདུད་རྣམ་པར་སྐྲག་པར་བྱེད་པ་གཞན་གྱིས་མི་ཐུབ་པའི་བློ་ཅན་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བག་ཚ་བ་མེད་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14311#UT22084-045-001-14311