Degé Kangyur volume 45, F.226.b

རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བརྒྱད་སྟོང་ངོ་། །​ཡབ་ནི་མཁས་བརྩོན་ཞེས་བྱའོ། །​ཡུམ་ནི་བརྩོན་པ་མི་གཏོང་བ་ཞེས་བྱའོ། །​སྲས་ནི་མཐུ་རྩལ་གནས་ཞེས་བྱའོ། །​རིམ་གྲོ་པ་ནི་གཞན་གྱིས་མི་ཐུབ་པའི་མཐུ་རྩལ་ཅན་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་མཐུ་རྩལ་སྦྱིན་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་མཆོད་འོས་ཐོབ་ཅེས་བྱའོ། །​དགྲ་བཅོམ་པ་འདུས་པ་ནི་ལན་དགུ་བཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་དྲུག་ཅུ་རྩ་གཉིས་གཉིས་སོ། །​སྐུ་ཚེའི་ཚད་ནི་ལོ་དགུ་ཁྲིའོ། །​དམ་པའི་ཆོས་ཀྱང་ལོ་དགུ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་མྱ་ངན་མེད་པ་སྐྱེ་བའི་ཡུལ་ནི་མྱ་ངན་དང་བྲལ་བ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་ཉི་ཁྲི་བཞི་སྟོང་ངོ་། །​ཡབ་ནི་གསལ་དག་ཅེས་བྱའོ། །​ཡུམ་ནི་མྱ་ངན་ཐམས་ཅད་གཏོང་ཞེས་བྱའོ། །སྲས་ནི་སྨོན་ལམ་མ་འཁྲུལ་བ་ཞེས་བྱའོ། །​རིམ་གྲོ་པ་ནི་བློ་མ་འཛིངས་པ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མ་འདྲེས་པར་སེམས་པ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལྟ་གསལ་བློ་ཅན་ཞེས་བྱའོ། །​ཉན་ཐོས་འདུས་པ་ནི་ལན་སུམ་ཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་སུམ་ཅུ་རྩ་གཉིས་གཉིས་སོ། །​སྐུ་ཚེའི་ཚད་ནི་ལོ་སུམ་ཁྲི་སུམ་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་དགུ་ཁྲི་དགུ་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་སེང་གེའི་འོད་ཟེར་སྐྱེ་བའི་ཡུལ་ནི་བདག་མེད་པ་དང་ལྡན་པ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་སུམ་ཅུ་རྩ་དྲུག་གོ། །​ཡབ་ནི་ཆོས་མཐོང་ཞེས་བྱའོ། །​ཡུམ་ནི་སྟོང་པ་ཉིད་ལ་གནས་པ་ཞེས་བྱའོ། །​སྲས་ནི་ཀུན་ཏུ་ལྟ་བ་ཅན་ཞེས་བྱའོ། །​རིམ་གྲོ་པ་ནི་བཀོད་པ་མི་གནས་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་གསལ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡོངས་མཐོང་བློ་ངེས་ཞེས་བྱའོ། །​ཉན་ཐོས་འདུས་པ་ནི་ལན་སུམ་ཅུ་རྩ་གཉིས་ཏེ། ཐམས་ཅད་ལ་ཡང་འབུམ་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་ཉིས་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14306#UT22084-045-001-14306