Degé Kangyur volume 45, F.226.a

ཞེས་བྱའོ། །​དགྲ་བཅོམ་པ་འདུས་པ་ནི་ལན་བདུན་ཏེ། ཐམས་ཅད་ལ་ཡང་ཐེར་འབུམ་ཕྲག་ལྔ་ལྔའོ། །​སྐུ་ཚེའི་ཚད་ནི་ལོ་བརྒྱད་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་ཡེ་ཤེས་ཀྱི་མཛོད་སྐྱེ་བའི་ཡུལ་ནི་ཡོན་ཏན་མཐའ་ཡས་པ་བཀོད་པ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་བརྒྱད་ཙམ་མོ། །​ཡབ་ནི་གཟུགས་ཀྱི་བརྡ་ཟད་མི་ཤེས་པའི་བློ་གྲོས་ཞེས་བྱའོ། །​ཡུམ་ནི་འོད་གསལ་བློ་གྲོས་མ་ཞེས་བྱའོ། །​སྲས་ནི་དགའ་བའི་དབྱངས་ཞེས་བྱའོ། །​རིམ་གྲོ་པ་ནི་ཀླུ་དབྱངས་སེམས་པ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཤིན་ཏུ་རྣམ་པར་གྲོལ་བའི་རིན་པོ་ཆེ་ལ་རབ་ཏུ་གནས་པ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྟོན་པ་གསལ་བ་བརྩེགས་ཞེས་བྱའོ། །​དགྲ་བཅོམ་པ་འདུས་པ་ནི་ལན་བཅུ་བཞི་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་ཉི་ཤུ་རྩ་བརྒྱད་བརྒྱད་དོ། །​སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་དྲུག་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ཚངས་པར་གཤེགས་པ་སྐྱེ་བའི་ཡུལ་ནི་སྙིང་རྗེ་དང་གཏི་མུག་མེད་པ་རིན་པོ་ཆེ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་དྲུག་ཅུའོ། །​ཡབ་ནི་སྙིང་རྗེ་ཆེར་སེམས་ཞེས་བྱའོ། །​ཡུམ་ནི་སྒྲིབ་མེད་བྱམས་པ་མཐོང་ཞེས་བྱའོ། །​སྲས་ནི་བལྟ་བཟོད་ཅེས་བྱའོ། །རིམ་གྲོ་པ་ནི་ལུས་བཟངས་གཟི་བརྗིད་རྒྱལ་པོ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་ཐམས་ཅད་ཡང་དག་པར་འཕགས་པ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བཀོད་པ་ཀུན་ཏུ་མཛེས་པ་ཞེས་བྱའོ། །​དགྲ་བཅོམ་པ་འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལ་ཡང་འབུམ་ཕྲག་བཅུ་དྲུག་བཅུ་དྲུག་གོ། །​སྐུ་ཚེའི་ཚད་ནི་ལོ་བརྒྱད་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་ཙན་དན་སྐྱེ་བའི་ཡུལ་ནི་ཡུལ་འཁོར་བརྟན་ཞེས་བྱའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14305#UT22084-045-001-14305