Degé Kangyur volume 45, F.203.a

པོ་ཤེས་བྱིན་ཤེས་བཟངས་རིམ་གྲོ་པ། །​ཤེས་རབ་འབྱུང་གནས་ཞེས་བྱ་མཁས་པ་སྟེ། །​ཤེས་རབ་རྣམ་པར་སྦྱངས་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་སུམ་ཅུ་ཀུན་ལ་ཡང་། །​དགྲ་བཅོམ་ཐམས་ཅད་ཐར་པར་གཞོལ་བ་པོ། །​བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་དག་ནི་བཞི་ཁྲི་ཡིན། །​ཡོངས་སུ་མྱ་ངན་འདས་པའི་དམ་ཆོས་དག །​ལོ་གྲངས་སྟོང་ཕྲག་བཅྭ་ལྔར་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​འཕང་དུ་དཔག་ཚད་ལྔ་པ་འབྱུང་བར་འགྱུར། །​འཇིག་རྟེན་མགོན་པོ་ལེགས་པར་གནས་པ་ཡི། །སྐྱེ་ཡུལ་ལེགས་པར་རབ་ཏུ་གནས་ཞེས་བྱ། །​རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་དགུ་ཡོད་ཡབ་ནི་དོན་གནས་ཡིན། །​ཡོན་ཏན་ལྡན་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་ལེགས་མཐུ་བློ་མཐུ་རིམ་གྲོ་པ། །​དགེ་གནས་ཞེས་ནི་བྱ་བ་མཁས་པ་སྟེ། །​གཏི་མུག་མེད་པ་མཐའ་ཡས་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང་། །​དགྲ་བཅོམ་དག་ནི་ཚང་བར་འདུས་འགྱུར་ཏེ། །​ཐེར་འབུམ་ཕྲག་ནི་དགུ་དགུ་འབྱུང་བར་འགྱུར། །​མི་ཚེ་ལོ་གྲངས་སྟོང་ཕྲག་བཅུ་གཅིག་ཡིན། །​ཡོངས་སུ་མྱ་ངན་འདས་པའི་དམ་ཆོས་དག །​ལོ་གྲངས་བདུན་ཁྲི་བརྒྱད་སྟོང་ཚང་བར་གནས། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​གསེར་གྱི་རྒྱལ་མཚན་མཆོག་གིས་འཁོར་བར་གང་། །​དེ་བཞིན་གཤེགས་པ་བློ་ནི་སྦྱངས་པ་ཡི། །​སྐྱེ་ཡུལ་བསོད་ནམས་ལེགས་པར་བསགས་ཞེས་བྱ། །​རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་སྣང་ལྡན་ཡིན། །​བདེན་ལྡན་མ་ཞེས་བྱ་བ་ཡུམ་ཡིན་ནོ། །​སྲས་པོ་བློ་གྲོས་བློ་བཟངས་རིམ་གྲོ་པ། །​འོད་ཟེར་ཆེན་པོ་ཞེས་བྱ་མཁས་པ་སྟེ། །​དགའ་ཆེན་ཞེས་ནི་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། །​སྲིད་པའི་འཆིང་བ་གཅོད་པར་བྱེད་པ་པོ། །​བྱེ་བ་ཕྲག་ནི་བཅུ་བཅུ་འདུས་པར་འགྱུར། །​མི་ཚེ་ལོ་གྲངས་བདུན་ཁྲི་ཉིས་སྟོང་ཡིན། །​རྒྱལ་བ་མྱ་ངན་འདས་པའི་དམ་ཆོས་དག །​ལོ་གྲངས་དྲུག་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​ལྷ་རྫས་རྒྱལ་མཚན་མཆོག་གིས་མཛེས་པར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14259#UT22084-045-001-14259