Degé Kangyur volume 45, F.202.b

རིམས་ནད་མེད་པའི་བསམ་གཏན་པ། །​བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་སུམ་ཁྲི་ཐམ་པ་ཡིན། །​རྒྱལ་བ་འཁྲུགས་པ་མེད་པར་ཕྱིན་པ་ཡི། །​དམ་ཆོས་ལོ་གྲངས་སུམ་ཁྲིར་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​མཆོད་རྟེན་གྲངས་ནི་ཐེར་འབུམ་བཅུ་དྲུག་འབྱུང་། །​མགོན་པོ་ཡོན་ཏན་དབང་མཚུངས་སྐྱེ་བ་ཡི། །​ཡུལ་ནི་ཏོག་གི་དབང་པོའི་རྒྱལ་མཚན་ཡིན། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་བཅྭ་བརྒྱད་ཡབ་ནི་དབང་པོ་ཡིན། །​ཡོན་ཏན་དབང་པོ་བློ་གྲོས་རྒྱལ་བའི་ཡུམ། །​སྲས་པོ་དབང་ལྡན་ཚོགས་དབང་རིམ་གྲོ་པ། །​ཡོན་ཏན་ཚོགས་ཞེས་བྱ་བ་བློ་ཅན་ཏེ། །​ཡོན་ཏན་ཀུན་གྱི་ཚོགས་ནི་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་དེ་ཀུན་ལ་ཡང་། །​རྒྱལ་སྲས་ལུས་ནི་ལེགས་པར་སྦྱངས་པ་པོ། །​དགྲ་བཅོམ་ཆགས་པ་མེད་པ་ཤ་སྟག་གོ། །​མི་ཚེ་ལོ་གྲངས་དག་ནི་ཁྲི་ཡང་ཡིན། །​མཚུངས་པ་མེད་པ་མྱ་ངན་འདས་པ་ཡི། །​དམ་ཆོས་ལོ་གྲངས་བརྒྱད་ཅུའི་བར་དུ་གནས། །​སྐུ་གདུང་མཆོད་རྟེན་ཆེན་པོ་གཅིག་ཡིན་ཏེ། །​རིན་ཆེན་དྲ་བ་རྒྱལ་མཚན་དག་གིས་སྤྲས། །​དེ་བཞིན་གཤེགས་པ་རྡོ་རྗེའི་སྡེ་སྐྱེ་བའི། །​ཡུལ་ནི་རིན་པོ་ཆེ་དང་ལྡན་ཞེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་གསུམ་ཡོད་ཡབ་ནི་སྡེ་བཟངས་ཡིན། །​ངེས་བརྟན་རྒྱལ་བའི་ཡུམ་ཡིན་སྲས་པོ་ནི། །​རྡོ་རྗེ་བྱིན་ཡིན་གསལ་བ་རིམ་གྲོ་པ། །​ཕས་རྒོལ་དྲི་མ་མེད་པའི་བློ་ཅན་ཏེ། །​སྨན་གྱི་རྒྱལ་པོ་ཞེས་བྱ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་ཉི་ཤུ་དྲུག་ཀུན་ལ། །​མཚན་མ་མེད་པས་ཤིན་ཏུ་དུལ་དེ་ཀུན། །​བྱེ་བ་ཕྲག་ནི་དགུ་བཅུ་གསུམ་གསུམ་ཡོད། །​མི་ཚེ་ལོ་གྲངས་ཉི་ཁྲི་བརྒྱད་སྟོང་ཡིན། །​དེ་ཡི་དམ་ཆོས་ལོ་གྲངས་སྟོང་ཕྲག་ནི། །​ཉི་ཤུ་རྩ་བརྒྱད་བར་དུ་གནས་པར་འགྱུར། །​འཇིག་རྟེན་མཁྱེན་པ་མྱ་ངན་འདས་ནས་ཀྱང་། །​སྐུ་གདུང་རྒྱས་འགྱུར་ཞིང་རྣམས་གང་བར་འགྱུར། །​དེ་བཞིན་གཤེགས་པ་ཤེས་རབ་བརྩེགས་པ་ཡི། །​སྐྱེ་བའི་ཡུལ་ནི་ཤེས་རབ་བརྩེགས་ཞེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །​ཉི་ཤུ་རྩ་གཉིས་ཤེས་རབ་བཟང་པོ་ཡབ། །​ཤེས་རབ་མཆོག་ཅེས་བྱ་བ་རྒྱལ་བའི་ཡུམ། །​སྲས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14258#UT22084-045-001-14258