Degé Kangyur volume 45, F.200.a

དྲུག་པ་གཅིག་གསེར་གྱིས་སྤྲ་བར་བྱས། །​དེ་བཞིན་གཤེགས་པ་ཡེ་ཤེས་ཕུང་པོ་ཡི། །​སྐྱེ་བའི་ཡུལ་ནི་ཆོས་ཀྱི་ཕུང་པོ་ཡིན། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​ཉི་ཤུ་རྩ་གཅིག་མཆོད་སྦྱིན་བཟང་པོ་ཡབ། །​ཡེ་ཤེས་མཆོག་མ་ཞེས་བྱ་རྒྱལ་བའི་ཡུམ། །​སྲས་པོ་ཤེས་བྱིན་ཤེས་ལེགས་རིམ་གྲོ་པ། །​རིན་ཆེན་འབྱུང་གནས་ཞེས་བྱ་མཁས་པ་སྟེ། །​ཤེས་ལྡན་མཆོད་ཅེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​ཐེག་པ་མཆོག་གིས་སྲིད་རྩེར་ཕྱིན་པ་པོ། །​བྱེ་ཕྲག་དྲུག་ཅུ་རྩ་ནི་རེ་རེ་ཡོད། །​མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །​དྲང་སྲོང་ཕུལ་དུ་ཕྱིན་པའི་དམ་ཆོས་དག །​ལོ་གྲངས་དྲུག་ཁྲི་སུམ་སྟོང་བར་དུ་གནས། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​བསོད་ནམས་འབྲས་བུ་གསེར་གྱིས་རྣམ་པར་སྤྲས། །​འཇིག་རྟེན་མགོན་པོ་ཁ་ལོ་སྒྱུར་བ་ཡི། །​སྐྱེ་ཡུལ་མཆོད་རྟེན་ཁ་ལོ་སྒྱུར་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་དགུ་ཡོད་ཡབ་ནི་ང་རོ་མཆོག །​རབ་མཆོག་ཅེས་ནི་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་མཆོག་སྦྱིན་པད་མ་རིམ་གྲོ་པ། །​མན་དཱ་ར་བའི་བསུང་ལྡན་བློ་ཅན་ཏེ། །​ལེགས་པར་མཆོད་པའི་བསུང་ལྡན་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བཅུ་དྲུག་ཀུན་ལ་ཡང་། །​དགྲ་བཅོམ་ང་མེད་ཐ་བ་སྤངས་པ་པོ། །​བྱེ་ཕྲག་བདུན་ཅུ་དྲུག་དྲུག་འདུས་པར་འགྱུར། །​མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ཡིན། །​ཞི་བར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་དགུ་ཁྲིའི་བར་དུ་གནས་པར་འགྱུར། །​སྐུ་གདུང་དག་ནི་རྒྱས་འགྱུར་མཆོད་རྟེན་གྲངས། །​བྱེ་བ་ཕྲག་ནི་དགུ་བཅུ་རྩ་དགུ་འབྱུང་། །​དེ་བཞིན་གཤེགས་པ་སྐྱེ་དབང་མཚུངས་པ་ཡི། །​སྐྱེ་ཡུལ་དབང་པོའི་རྒྱལ་མཚན་ཞེས་ཀྱང་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​ཉི་ཤུ་རྩ་གཉིས་རྒྱལ་བའི་དབང་པོ་ཡབ། །​དབང་མཆོག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་དབང་ལྡན་ལེགས་དབང་རིམ་གྲོ་པ། །​དབང་ཆེན་སྒྲོན་མ་བློ་གྲོས་ཅན་ཡིན་ཏེ། །​འཇིགས་མེད་དབང་པོ་ཞེས་བྱ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་དྲུག་ཀུན་ལའང་། །​ཐ་སྤངས་ཉོན་མོངས་སྦྱངས་པའི་ཡིད་ལྡན་པ། །​བདུད་ལས་རྣམ་གྲོལ་ཐེར་འབུམ་ཐེར་འབུམ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14253#UT22084-045-001-14253