Degé Kangyur volume 45, F.178.b

ཐམས་ཅད་ལ་ཡང་བྱེ་བ་ཕྲག་འབུམ་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །​དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ལྷའི་དྲང་སྲོང་སྐྱེ་བའི་ཡུལ་ནི་ཀུན་ཏུ་རྒྱས་པ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་ཕྱེད་དང་གཉིས་སོ། །​ཡབ་ནི་དྲང་སྲོང་བཤེས་གཉེན་ཞེས་བྱའོ། །​ཡུམ་ནི་ཕྱོགས་གནས་མ་ཞེས་བྱའོ། །​སྲས་ནི་སྤོས་མཆོག་རྒྱལ་པོ་ཞེས་བྱའོ། །​རིམ་གྲོ་པ་ནི་ཤིན་ཏུ་འབྱོར་པ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མངོན་པར་ཤེས་པའི་མེ་ཏོག་ཀུན་ཏུ་རྒྱས་པ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཁྱད་པར་དུ་འཕགས་པའི་བློ་ཞེས་བྱའོ། །​དགྲ་བཅོམ་པ་འདུས་པ་ནི་ལན་གཉིས་ཏེ། གཉིས་ཀ་ལ་ཡང་འབུམ་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །​དམ་པའི་ཆོས་ནི་ལོ་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་སྐྱེ་བའི་དབང་པོ་སྐྱེ་བའི་ཡུལ་ནི་སྐྱེ་བོ་དགའ་བ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཙམ་མོ། །​ཡབ་ནི་ཟླ་རྒྱས་ཞེས་བྱའོ། །​ཡུམ་ནི་རྒྱལ་དཀའ་མ་ཞེས་བྱའོ། །སྲས་ནི་འཁྲུལ་པ་མེད་པར་སེམས་ཞེས་བྱའོ། །​རིམ་གྲོ་པ་ནི་ཁྱད་པར་སེམས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བདུད་འཇོམས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡིད་གཉིས་སྤོང་ཞེས་བྱའོ། །​དགྲ་བཅོམ་པ་འདུས་པ་ནི་ལན་ལྔ་སྟེ། ཐམས་ཅད་ལ་ཡང་ཁྲི་ཕྲག་རེ་རེའོ། །​སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །​དམ་པའི་ཆོས་ཀྱང་ལོ་བདུན་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་དགེ་འདུན་བརྟན་སྐྱེ་བའི་ཡུལ་ནི་བློ་གྲོས་བརྟན་པ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་ལྔ་བརྒྱའོ། །​ཡབ་ནི་བཟང་པོ་ཞེས་བྱའོ། །​ཡུམ་ནི་རིན་ཆེན་མཆོག་ཅེས་བྱའོ། །​སྲས་ནི་ལྷས་མཆོད་ཅེས་བྱའོ། །​རིམ་གྲོ་པ་ནི་འགྲོ་བ་ལྟ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གཟི་བརྗིད་དྲག་ཤུལ་ཅན་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཉམ་ཉིད་གནས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14210#UT22084-045-001-14210