Degé Kangyur volume 45, F.172.a

ཞེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །​སུམ་ཅུ་གསུམ་ཡོད་གཞལ་མེད་ཁང་པ་ཡབ། །​ཡིད་དགའ་ཡུམ་ཡིན་ཁ་ལོ་སྒྱུར་བ་ནི། །​སྲས་པོ་ཤིན་ཏུ་བདེན་པ་རིམ་གྲོ་པ། །​འགྲོ་སྡུག་པ་ཞེས་བྱ་བ་མཁས་པ་སྟེ། །​ཆགས་པ་མེད་པར་གནས་པ་རྫུ་འཕྲུལ་ཅན། །​འདུས་པ་དག་ནི་ལན་གྲངས་བཞི་བཅུ་སྟེ། །​ཀུན་ལའང་སེམས་ནི་ཟླ་བ་ཉ་འདྲ་བ། །​བྱེ་བ་ཕྲག་ནི་ཉི་ཁྲི་ཉི་ཁྲི་ཡོད། །​མི་ཚེ་ལོ་གྲངས་སུམ་ཁྲི་ཉིས་སྟོང་ཡིན། །​འགྲོ་ལ་ཕན་ཕྱིར་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་སྟོང་ཕྲག་བཅུ་བཞིའི་བར་དུ་གནས། །མཚུངས་པ་མེད་པ་མྱ་ངན་འདས་ནས་ཀྱང་། །​མཆོད་རྟེན་གྲངས་ནི་ཐེར་འབུམ་ཕྲག་བཅུ་འབྱུང་། །​དེ་བཞིན་གཤེགས་པ་ཡོན་ཏན་སྙིང་པོ་ཡི། །​སྐྱེ་བའི་ཡུལ་ནི་མཆོད་རྟེན་མཆོད་ཅེས་བྱ། །​རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་གཅིག་ཡོད་བདག་ཉིད་ཆེན་པོ་ཡབ། །​འགྲོས་མཆོད་རྒྱལ་ཡུམ་སྲས་པོ་རྫུ་འཕྲུལ་ཅན། །​ཤིན་ཏུ་འབྱོར་ཞེས་བྱ་བ་རིམ་གྲོ་པ། །​ཆུ་ལྷ་དགའ་ཞེས་བྱ་བ་མཁས་པ་སྟེ། །​ཚངས་པ་ལྷ་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བཅུ་སྟེ་ཀུན་ལ་ཡང་། །​དྲི་གསུམ་དྲི་བྲལ་ཆགས་པ་མེད་གྱུར་པ། །བྱེ་བ་ཕྲག་ནི་བརྒྱ་བརྒྱ་འབྱུང་བར་འགྱུར། །​རྒྱལ་བའི་སྐུ་ཚེ་ལོ་གྲངས་ཁྲི་ཆིག་སྟོང་། །​འཇིག་རྟེན་གསུམ་ལ་ཕན་ཕྱིར་དམ་ཆོས་དག །​ལོ་གྲངས་ཉི་ཁྲི་སུམ་སྟོང་བར་དུ་གནས། །​རྒྱལ་བའི་སྐུ་གདུང་བཅས་པའི་མཆོད་རྟེན་གཅིག །​དཔག་ཚད་བཞི་པ་གདུགས་གྲངས་སྟོང་དང་ལྡན། །དེ་བཞིན་གཤེགས་པ་བདེན་པར་སྤྱོད་པ་ཡི། །​སྐྱེ་བའི་ཡུལ་ནི་བདེན་པ་འདོད་ཅེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་དྲུག་ཡོད་ཡབ་ནི་སྟོབས་ལྡན་ཞི། །​འོད་མཛེས་པ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་མཆོག་ལྡན་དོན་བཟངས་རིམ་གྲོ་པ། །​ཡོན་ཏན་མཐུ་རྩལ་ཞེས་བྱ་མཁས་པ་སྟེ། །​མཐུ་རྩལ་མཆོག་ཅེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་སྟེ། །​ཀུན་ལའང་ཉོན་མོངས་དྲི་མ་ཀུན་སྤངས་པ། །​བྱེ་བ་ཕྲག་ནི་ཉི་ཤུ་གསུམ་གསུམ་ཡོད། །​མི་ཚེ་ལོ་གྲངས་དག་ནི་དགུ་ཁྲི་ཡིན། །​ཞི་བར་ཕྱིན་པའི་དམ་པའི་ཆོས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14197#UT22084-045-001-14197