Degé Kangyur volume 45, F.167.a

དྲུག་སྟོང་བར་དུ་གནས་པར་འགྱུར། །​རྒྱལ་བའི་མཆོད་རྟེན་བྱེ་བ་ཉི་ཤུ་གཉིས། །​རྒྱལ་མཚན་དམ་པ་བརྒྱ་སྙེད་དག་གིས་བརྒྱན། །​རྒྱལ་བ་རྣམ་པར་ངེས་པའི་བློ་གྲོས་ཀྱི། །​སྐྱེ་བའི་ཡུལ་ནི་མཆོད་པར་ངེས་ཞེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བཅྭ་ལྔ་ཡབ་ནི་སུ་མེ་རུ། །​ཡོན་ཏན་འཛིན་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་མཚན་བཟང་ལེགས་མཐོང་རིམ་གྲོ་པ། །​མཐུ་རྩལ་བཅུ་ལྡན་ཞེས་བྱ་མཁས་པ་སྟེ། །​རྣམ་འཕྲུལ་ཀླུ་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་སྟེ། །​ཀུན་ལའང་ལྟ་བའི་དྲ་བསལ་བསམ་གཏན་པ། །​བྱེ་བ་ཕྲག་ནི་བདུན་ཅུ་བདུན་བདུན་ཡོད། །​མི་ཚེ་ལོ་གྲངས་སྟོང་ཕྲག་བཅྭ་བརྒྱད་ཡིན། །​སྲིད་མཐར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་བདུན་ཁྲི་བདུན་སྟོང་བར་དུ་གནས། །​རྒྱལ་བའི་མཆོད་རྟེན་བདུན་ཅུ་རྩ་བཞི་སྟེ། །​རིན་ཆེན་དྲ་བ་ཡིད་དུ་འོང་བས་སྤྲས། །​དེ་བཞིན་གཤེགས་པ་སྲིད་མཐའ་ནོར་བུའི་སྤོས། །​སྐྱེ་བའི་ཡུལ་ནི་དགའ་བ་དད་ཅེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་བྱེ་བ་ཡབ་ནི་དགའ་འབྱོར་ཡིན། །​ཡོན་ཏན་མཆོག་ཅེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་དགེ་ལེགས་ཕན་ལྡན་རིམ་གྲོ་པ། །​བདུད་འཇོམས་པ་ནི་བློ་གྲོས་ལྡན་པ་སྟེ། །​བློ་མི་འཁྲུག་ཅེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དགུ་སྟེ་ཀུན་ལ་ཡང་། །​མི་འཁྲུགས་ཡིད་ལྡན་རི་དང་མཚུངས་པ་པོ། །​བྱེ་བ་ཕྲག་ནི་བདུན་ཅུ་རེ་རེ་ཡོད། །​མི་ཚེ་ལོ་གྲངས་བྱེ་བ་བརྒྱ་ཕྲག་བཅུ། །དམ་ཆོས་ལོ་གྲངས་ཉི་ཁྲི་ཉིས་སྟོང་དང་། །​གཞན་ཡང་དགུ་ཁྲི་དགུ་སྟོང་བར་དུ་གནས། །​དཔག་ཚད་ལྔ་པའི་མཆོད་རྟེན་སྐུ་གདུང་བཅས། །​གཅིག་སྟེ་རིན་ཆེན་རྒྱལ་མཚན་དྲ་བས་བརྒྱན། །​དེ་བཞིན་གཤེགས་པ་རྒྱལ་བས་དགྱེས་པ་ཡི། །​སྐྱེ་བའི་ཡུལ་ནི་སེམས་སྦྱངས་པ་ཞེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་དྲུག་ཡོད་ཡབ་ནི་ས་ག་ཡིན། །​དགྲ་བཅོམ་དགའ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་མཆོད་ལེགས་གཉིད་སངས་རིམ་གྲོ་པ། །​ཕས་ཀྱི་རྒོལ་བ་འཇོམས་པ་མཁས་པ་སྟེ། །​འཇིག་རྟེན་བཀྲ་ཤིས་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14187#UT22084-045-001-14187